འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་བདེ་འཇགས་མཉམ་
    ལས་སྲིད་ཇུས་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཐོག་མར་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་《ཀྲུང་གོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་བདེ་འཇགས་མཉམ་ལས་སྲིད་ཇུས་》ཀྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།
              རྒྱབ་ཤ་དཀར་པོའི་དེབ་དེར་ཁྱོན་ཡིག་འབྲུ་ཁྲི་གཅིག་དང་དྲུག་སྟོང་ཙམ་ཡོད་ཅིང་། འགོ་བརྗོད་གཏམ་དང་མཇུག་བསྡུའི་གཏམ་ཕུད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དེའི་བདེ་འཇགས་མཉམ་ལས་ཐད་ཀྱི་ཀྲུང་གོའི་སྲིད་ཇུས་འདོད་ཚུལ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་བདེ་འཇགས་ཐད་ཀྱི་ཀྲུང་གོའི་འདུ་ཤེས། ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དེའི་དེ་མིན་རྒྱལ་ཁབ་གཙོ་བོའི་དབར་གྱི་འབྲེལ་བ། ཀུན་གྱི་དོ་སྣང་བྱེད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ། ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ནང་ཞུགས་པའི་ཕྱོགས་མང་གི་ལམ་སྲོལ་གཙོ་བོ། ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་སྲོལ་རྒྱུན་མིན་པའི་བདེ་འཇགས་མཉམ་ལས་ནང་ཞུགས་པ་བཅས་ཁྱོན་ནང་དོན་དྲུག་ལ་ཕྱེ་ཡོད་པ་རེད།
            རྒྱབ་ཤ་དཀར་པོའི་དེབ་ནང་། འཛམ་གླིང་གི་ཆགས་སྟངས་ཁྲོད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ལ་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ད་ཕན་ལོ་ཤས་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ལ་མཐོང་ཆེན་དང་མ་དངུལ་གཏོང་ཚད་སྔར་བས་མང་དུ་བཏང་ཡོད། རྒྱལ་སྤྱིའི་འབྲེལ་བར་འགྱུར་ལྡོག་ཟབ་མོ་བྱུང་བར་བརྟེན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཆགས་སྟངས་ལ་ཡང་འགྱུར་ལྡོག་ཟབ་མོ་བྱུང་ཡོད་ཅེས་བསྟན་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཡོང་བའི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་རྒྱུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ད་ཡོད་ཀྱི་ཕྱོགས་མང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་སྒྲོམ་གཞིའི་འདེགས་སྐྱོར་བརྟན་དུ་གཏོང་རྒྱུ། སྒྲིག་སྲོལ་བཟོ་རྒྱུར་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ལམ་ལུགས་འགན་ལེན་འཐུས་སྒོ་ཚང་དུ་གཏོང་རྒྱུ། དམག་དོན་ཐད་སྤེལ་རེས་མཉམ་ལས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་འགན་ལེན་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ། ཕྱོགས་འགལ་དང་འགལ་ཟླ་ཐག་གཅོད་འོས་འཚམ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱ་རྒྱུ་བཅས་བསྟན་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་སྲོལ་གཏོད་བྱས་ནས་མཉམ་བསྐྲུན་དང་། མཉམ་སྤྱོད། མཉམ་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་བདེ་འཇགས་ལམ་བུའི་ཐོག་ཧུར་ཐག་བསྐྱོད་རྒྱུ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་འབྱུང་འགྱུར་གྱི་བདེ་འཇགས་སྒྲོམ་གཞི་དེ་ནི་རིམ་པ་མང་བ་དང་། མཉམ་འདྲེས་ཅན། སྣ་མང་ཅན་བཅས་ཡིན་དགོས་པ་དང་། དེ་ཉིད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་རྒྱལ་ཁབ་ཀྱི་ཐུན་མོང་བྱ་གཞག་ཡིན་དགོས་པ་མ་ཟད། ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་བཙུགས་དགོས་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་དཔལ་འབྱོར་སྒྲོམ་གཞི་བསྐྲུན་ནས་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོ་དང་ཨ་རི། ཨུ་རུ་སུ། རྒྱ་གར། རི་པིན་སོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོའི་དབར་གྱི་འབྲེལ་བ་ངོ་སྤྲོད་བྱས་ཡོད་པ་དང་། ཀྲུང་གོས་དེའི་དེ་མིན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་འབྲེལ་བར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་བ། འགོག་སྲུང་ལས་དོན་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་གྲ་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རྣམ་འགྱུར་བསྟན་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་དང་། འཕུར་མདའ་འགོག་བྱེད་འཕུར་མདའ། ཨ་ཧྥུ་ཀ་ནི་སི་ཐན། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ། མཚོ་ཐོག་སོགས་ས་ཁུལ་གྱི་དོ་སྣང་ཆེ་བའི་ཨེ་ཤེ་ཡ་དང་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་བྱས་ཡོད་པ་མ་ཟད། ཀྲུང་གོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་མཉམ་ལས་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་(10+3)མཉམ་ལས། ཀྲུང་རི་ཧན་མཉམ་ལས། ཨེ་ཤེ་ཡ་ཤར་མའི་དབུ་ཚོགས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་གླེང་སྟེགས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུ། རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཚོགས་འདུ་སོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཕྱོགས་མང་ལམ་སྲོལ་ནང་ཞུགས་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ད་དུང་ཀྲུང་གོས་རྒུད་སྐྱོབ་དང་། འཇིགས་སྐུལ་ལ་ངོ་རྒོལ། རྒྱལ་མཚམས་ལས་སྒྲོལ་བའི་ཉེས་གསོག་ལ་རྡུང་རྡེག དྲ་རྒྱའི་བདེ་འཇགས། མཚོ་ཐོག་བདེ་འཇགས། མཆེད་རྒྱུ་སྔོན་འགོག་དང་དམག་མི་ཉུང་འཕྲི་སོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་སྲོལ་རྒྱུན་མིན་པའི་བདེ་འཇགས་མཉམ་ལས་ནང་ཞུགས་པའི་གནས་ཚུལ་ངོ་སྤྲོད་བྱས་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་བཞིན་ཡོད་པས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ལ་དེ་བས་མང་བའི་མཉམ་ལས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་ཕན་པ་ཐོབ་པ་བྱ་རྒྱུ་དང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་བདེ་འཇགས་ཐད་ཀྱི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ལ་དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།