འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་འགྲིམ་འགྲུལ་པུའུ་ཀྲང་གིས་ཨུ་རུ་སུའི་གནམ་གྲུར་ཆག་སྒོ་བྱུང་རྐྱེན་ནི་ལག་རྩལ་
    གྱི་སྐྱོན་ནམ་ཡང་ན་བཀོལ་སྤྱོད་ཐད་ནོར་འཛོལ་བྱུང་བས་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཚེས་26ཉིན་ཨུ་རུ་སུའི་འགྲིམ་འགྲུལ་པུའུ་ཀྲང་ཐུའུ—154གནམ་གྲུའི་ཆག་སྒོའི་རྒྱལ་ཁབ་བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སུའོ་ཁེ་ལུའོ་ཕུའུ་ཡིས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་གནམ་གྲུའི་ཆག་སྒོ་བྱུང་རྐྱེན་ཐད་བརྟག་དཔྱད་དང་ཆག་རོ་འཚོལ་ཞིབ་བྱེད་པའི་འཕེལ་རིམ་ཐད་གསལ་བཤད་བྱས་ཤིང་། ཁོང་གིས་དབྱེ་འབྱེད་རགས་ཙམ་བྱས་པ་བརྒྱུད་གནམ་གྲུར་ཆག་སྒོ་བྱུང་རྐྱེན་ནི་ལག་རྩལ་གྱི་སྐྱོན་ཡིན་པའམ་ཡང་ན་བཀོལ་སྤྱོད་ཐད་ནོར་འཛོལ་བྱུང་བ་ཞིག་རེད་ཅེས་བརྗོད་པ་རེད།
        སུའོ་ཁེ་ལུའོ་ཕུའུ་ཡིས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནམ་གྲུ་ལྷུངས་རྗེས་ཆག་རོ་གང་སར་ཐོར་ཡོད། དབྱེ་འབྱེད་རགས་ཙམ་བྱས་པ་བརྒྱུད་གནམ་གྲུར་ཆག་སྒོ་བྱུང་རྐྱེན་ནི་ལག་རྩལ་གྱི་སྐྱོན་ཡིན་པའམ་ཡང་ན་བཀོལ་སྤྱོད་ཐད་ནོར་འཛོལ་བྱུང་བ་ཞིག་ཡིན་པ་དང་འཇིགས་སྐུལ་འཇབ་རྒོལ་ཕོག་མེད་པ་སྤྱིར་ན་གཏན་འཁེལ་བྱེད་ཐུབ་ཅེས་བརྗོད་པ་རེད། དེ་ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་དབྱེ་འབྱེད་རགས་ཙམ་བྱས་པ་བརྒྱུད་གནམ་གྲུར་ཆག་སྒོ་བྱུང་རྐྱེན་ནི་སྒུལ་བྱེད་འཕྲུལ་འཁོར་ནང་ཛར་ཛོར་འཛུལ་བ་དང་། སྤུས་ཞན་གྱི་འབར་སྣུམ་སྤྱོད་པ། གནམ་གྲུ་གཏོང་མཁན་གྱིས་བཀོལ་སྤྱོད་ནོར་འཛོལ་བྱུང་བའམ་ཡང་ན་གནམ་གྲུའི་ལག་རྩལ་ཐད་ནོར་འཛོལ་བྱུང་བ་སོགས་རེད་ཅེས་བརྗོད་པ་རེད།
        གཞན་ཡང་ཨུ་རུ་སུའི་རྒྱལ་སྲུང་པུས་ད་དུང་རྗེས་འཇུག་བྱེད་མཁན་དམིགས་བསལ་ཚོགས་ཆུང་བཙུགས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་སྐྱིན་ཚབ་སྤྲོད་པའི་བརྒྱུད་རིམ་མགྱོགས་སུ་བཏང་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། རྐྱེན་ལམ་དུ་ཤོར་བའི་མི་རེར་གུན་གསབ་ལུའུ་པུ་སྒོར་ཁྲི་580(ཨ་སྒོར་ཁྲི་9.5ཙམ)རག་རྒྱུ་ཡིན་པ་རེད།
        གནམ་གྲུའི་ཆག་སྒོ་ཐོན་རྗེས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་26ཉིན་ནི་ཨུ་རུ་སུའི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ད་ཐེངས་ཀྱི་གནམ་གྲུའི་ཆག་སྒོ་ཐོན་རྐྱེན་ལ་བརྟག་དཔྱད་མཐར་ཕྱིན་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།