འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།《ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་བའི་ཕན་འབྲས་དཔྱད་ཞིབ་ཀྱི་
    གནས་སྐབས་ལག་བསྟར་བྱ་ཐབས་》སང་ལོ་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་《ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་བའི་ཕན་འབྲས་དཔྱད་ཞིབ་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་》པར་འགྲེམ་ལག་བསྟར་བྱས་ཏེ་དུས་སྐབས་གསར་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་གྱི་དཔྱད་ཞིབ་བྱ་ཡུལ་དང་། ནང་དོན། གོ་རིམ། གྲུབ་འབྲས་བཀོལ་སྤྱོད། བྱ་དགའ་ཆད་གཅོད་བྱ་ཐབས་སོགས་ཀྱི་ཞིབ་ཕྲའི་ནང་དོན་ཁ་གསལ་བཏོན་ཡོད། 《བྱ་ཐབས་》ནང་དཔྱད་ཞིབ་བྱ་ཡུལ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་འགན་ཡོད་པའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་22ཡིན་པ་དང་རིམ་ཁག་སྲིད་གཞུང་དང་ལྷག་པར་དུ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་གྱི་བྱེད་པོའི་འགན་འཁྲི་འཁུར་མིན་ལ་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
        《བྱ་ཐབས་》ནང་ཕྱོགས་བཞིའི་ཐད་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་ལ་གཙོ་གནད་ཐོག་དཔྱད་ཞིབ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་གནད་སྨིན་གནས་སྤོས་བྱས་ཚུལ་ཡིན་ཞིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་ལོངས་སྤྱོད་བྱས་པའི་གནས་སྤོ་བྱེད་མཁན་དང་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་ནང་ཐོ་རྟགས་བཀོད་ནས་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་གཅིག་མཚུངས་ཡིན་པའི་འགན་ལེན་བྱ་རྒྱུ་དང་། གཉིས་ནི་བཀོད་སྒྲིག་བྱས་པའི་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་གྱི་ཚད་གཞི་ལག་བསྟར་བྱས་ཚུལ་དང་སྡོད་ཁང་ནང་གནས་སྤོ་བྱས་ཚུལ་ཡིན་ཞིང་། “ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་གྱི་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ལས་བརྒལ་མི་ཆོག་པའི”དམར་ཐིག་བརྟན་པོ་སྲུང་རྒྱུ། གསུམ་ནི་རིམ་ཁག་སྲིད་གཞུང་གིས་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་ལ་བཀོད་སྒྲིག་བྱས་པའི་སྡོད་ཁང་འཛུགས་སྐྲུན་གྱི་ཁ་གསབ་བྱས་ཚུལ་ཡིན་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ནས་བུ་ལོན་བཟོ་བ་དང་དབུལ་སྒྲོལ་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱ་རྒྱུ། བཞི་ནི་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མི་འབོར་བརྟན་པོའི་ངང་དབུལ་སྒྲོལ་བྱས་ཚུལ་ཡིན་ཞིང་། དུད་ཚང་རེ་གནས་སྤོ་བྱས་རྗེས་དུད་ཚང་རེ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱ་རྒྱུ་བཅས་རེད།
        《བྱ་ཐབས་》ནང་དཔྱད་ཞིབ་འབྲས་བུ་གཞིར་བཟུང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལོ་འཁོར་མོའི་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོའི་ཞིང་ཆེན་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཀྲུང་དབྱང་སྔོན་རྩིས་ནས་མི་བརྒལ་བར་མ་འཇོག་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་བྱ་དགའ་སྤྲོད་པའམ་ཡང་ན་དམིགས་བསལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ལོ་འཁོར་མོའི་ལས་འགན་ལེགས་སྒྲུབ་བྱས་མེད་པའམ་ཡང་ན་གནད་དོན་མངོན་གསལ་དོད་པོ་ཐོན་པའི་ཞིང་ཆེན་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བསམ་འཆར་བཏོན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་ཞིབ་བཤེར་གཏན་འབེབས་གནང་རྒྱུའི་སྙན་འབུལ་ཞུས་རྗེས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་བརྡ་ལན་གཏོང་དགོས་པའི་ནན་བཤད་བྱས་ཡོད། 《བྱ་ཐབས་》དེ་2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དེ་ཐོག་ནས་དུས་སྐབས་གསར་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི“གདུང་མ་བཞི་དང་ཀ་བ་བརྒྱད”ལྟ་བུའི་ལམ་ལུགས་མ་ལག་འཛུགས་སྐྱོང་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་མཚོན་ཡོད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།