འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གིས་ཡུལ་གཞན་དུ་གནས་སྤོ་དང་སྡོད་ཁང་གསར་པ་བརྗེས་
    ནས་དུད་ཚང་དབུལ་པོའི་སེམས་ཁྲལ་བསལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “ས་ཕག་ཁང་པ་ག་ལེ་སྐུ་ཞུགས་གནང་། ཨ་ཁུ་ཞིང་པ་སྡོད་ཁང་གསར་པར་སྤོ། ཞིང་པ་གྲོང་མིར་གྱུར་པ་དགའ་ལྷང་ལྷང་། སྒྲིག་བཀོད་འགན་ལེན་ཡོད་པས་ལྷོད་ཤིག་ཤིག”ཅེས་པའི་འགྱུར་ལྡོག་ཆེན་པོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་སྒ་ཁྱ་གྲོང་ཚོར་བྱུང་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་གཞན་དུ་གནས་སྤོ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་བས་རི་ཁུག་ཏུ་གནས་པའི་གྲོང་ཚོ་དེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད་པ་རེད།
        ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་ནུབ་བྱང་རྒྱུད་དུ་གནས་པའི་སྒ་ཁྱ་གྲོང་ཚོར་ཁྱོན་དུད་ཚང་101དང་མི་394ཡོད་པ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་29དང་མི་98ཡོད། ས་ཁོངས་ཁོར་ཡུག་དང་དཔལ་འབྱོར་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་སྒ་ཁྱ་གྲོང་ཚོའི་ཆུ་དང་། གློག ལམ། གློག་སྒྲོན་བཅས་རྨང་གཞིའི་སྒྲིག་བཀོད་ཅུང་ཞན་པ་དང་། ས་གཤིས་ཀྱི་ཆ་རྐྱེན་ཞན་པ། ས་རྒྱུ་ཞན་པ། སྣོད་བཅུད་ཞན་པ། སྲོལ་རྒྱུན་གྱི་ཞིང་འབྲོག་ལས་བྱེད་སྟངས་རགས་ལས་བཅས་ཡིན་སྟབས་ཡུལ་དེར་གཞི་རྩའི་ཆ་ནས“གནམ་ལ་བརྟེན་ནས་ས་ཞིང་འདེབས་པ”དང“གནམ་ལ་བརྟེན་ནས་ཕྱུགས་རིགས་གསོ་ཚགས་བྱེད”ཀྱི་ཡོད་པ་རེད།
        ད་ཆ་དེ་སྔོན་དང་གཏན་ནས་འདྲ་གི་མེད། དེའང་སྒ་ཁྱ་གྲོང་ཚོའི་ཧྲེ་དང་པོའི་དུད་ཚང་དབུལ་པོ་36ཆ་ཚང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཅུང་ཡག་པའི་ཀྱལ་རྟག་ཁུགས་སུ་ཡུལ་གཞན་དུ་གནས་སྤོ་བྱས་པ་རེད། ད་ཆ་ཁང་པ་གསར་པ་དག་ད་དུང་གནས་སྡོད་ཀྱི་ཆ་རྐྱེན་ཚང་མེད་མོད། འོན་ཀྱང་གྲོང་མི་རྣམས་ཉིན་ལྟར་སོ་སོའི་སྡོད་ཁང་གསར་པར་ལྟ་བར་ཡོང་བ་དང་། ད་དུང་ཉིན་ག་ཚོད་སོང་ན་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་ཡོང་བ་འདུག་ཅེས་མཛུབ་རྩིས་རྒྱག་བཞིན་ཡོད་པ་རེད།
         “དེང་སང་ཞིང་ལས་བྲེལ་བ་དེ་ཙམ་མེད་པས་རང་ཉིད་ཉིན་ལྟར་ཚ་བོ་པང་དུ་བཏབ་ནས་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་ཚུལ་ལ་ལྟ་བར་འགྲོ་གི་ཡོད། སྡོད་ཁང་གསར་པ་ཉིན་ལྟར་སྐྲུན་བཞིན་ཡོད་པ་མཐོང་སྐབས་དགའ་ཚོར་ཉིན་རེ་ལས་ཉིན་རེ་མ་འདས་པ་ཆེ་རུ་འགྲོ་བཞིན་འདུག”ཅེས་ལོ་55ལ་སླེབས་པའི་ཅིན་ཧྲུའུ་ཀྲུང་གིས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད། ཡུལ་གཞན་དུ་གནས་སྤོས་དུད་ཚང་དབུལ་པོ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཅིན་ཧྲུའུ་ཀྲུང་གིས་ཁང་པའི་རྩིག་རྨང་བཏིངས་པ་ནས་ཐོག་བཀབ་པའི་བར་བརྒྱུད་རིམ་ཧྲིལ་པོ་མཐོང་ཡོད་པ་རེད། ཁོང་གིས་ད་དུང་ཡུལ་གཞན་དུ་གླ་པར་འགྲོ་མཁན་བུ་གཉིས་ལ་འདི་ལོ་དངུལ་མང་ཙམ་བསགས་ནས་ཁང་པ་གསར་པ་དེར་མཛེས་བཟོ་ཡག་པོ་བྱེད་དགོས་ཞེས་བཤད།
         “དབུལ་སྐྱོར་གནས་པོ་ནི་སྤོས་ཚར་ན་ལས་ཀ་ཚང་མ་ལེགས་སྒྲུབ་ཟིན་པ་ཙམ་མིན་པར། ང་ཚོས་ད་དུང་དབུལ་སྐྱོར་གནས་སྤོ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ‘སྡོད་ཁང་སྐྱོ་ཁུལ་སྤོ་རྒྱུ’དང‘ལས་རིགས་སྐྱོ་པོ་བརྗེ་རྒྱུ’གཉིས་གལ་ཆེ་མཉམ་དུ་འཛིན་པ་དང་། བདེ་སྡོད་དང་ལས་བརྩོན་གཉིས་གལ་ཆེ་མཉམ་དུ་འཛིན་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཁྲི་ཀ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་འགན་འཁུར་བས་གསུང་གི་འདུག་ལ། ཁོང་གིས་སྔོན་གྱི་འཆར་གཞི་ལྟར་ན་2019ལོར་མངོན་འགྱུར་ཐུབ་རྒྱུའི་དབུལ་སྒྲོལ་འཆར་གཞི་དེ་ད་ཆ་2017ལོར་སྔ་ནུར་དུ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། སྐབས་དེར་ཁྲི་ཀ་རྫོང་གི་གྲོང་ཚོ་དབུལ་པོ་51ལ་དབུལ་སྐྱོར་སྲིད་ཇུས་ལས་བྱུང་བའི་འབབ་འཕར་དང་འགྱུར་ལྡོག་ལོངས་སྤྱོད་ཐུབ་རྒྱུ་རེད་ཅེས་ངོས་སྤྲོད་བྱས་བྱུང་།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།