འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དབར་གྱི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་པེ་ཅིང་དུ་སུའོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཕྱི་འབྲེལ་པུའུ་ཀྲང་པོ་ཐེ་ལུའེ་དང་གྲོས་མོལ་གནང་བ་དང་། གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱ་རྒྱུའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས་》ལ་མིང་རྟགས་བཀོད་གནང་བ་རེད།
         མཉམ་འབྲེལ་སྤྱི་བསྒྲགས་ཀྱི་ནང་དོན་ཆ་ཚང་གཤམ་གསལ་སྟེ།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་འདུན་པ་གཞིར་བཟུང་གོང་ཚེས་ཉིན་ནས་བཟུང་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབར་གཞུང་ཚབ་ཆེ་མོ་བ་སྔ་ཙམ་གཏོང་རེས་བྱ་རྒྱུ་དང་འབྲེལ་1961ལོའི་《ཝི་ཨེན་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས་》གཞིར་བཟུང་ཕ་རོལ་པོས་གཞུང་ཚབ་ཆེ་མོ་ཁང་འཛུགས་རྒྱུ་དང་ལས་འགན་སྒྲུབ་པར་དགོས་ངེས་ཀྱི་སྟབས་བདེ་དང་གཞོགས་འདེགས་མཐའ་དག་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
         ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
         སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་འབའ་ཞིག་དེ་ཡིན་པ། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་གཅིག་ཡིན་པ་བཅས་ཁས་བླངས་ཡོད། སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཐའེ་དབན་དང་གཞུང་ཕྱོགས་ཀྱི་འབྲེལ་བ་གང་ཡང་མི་སྤེལ་བ་དང་གཞུང་ཕྱོགས་ཀྱི་འགྲོ་འོང་གང་ཡང་མི་བྱེད་པའི་ཁས་ལེན་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སུའོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་གོང་གསལ་ལངས་ཕྱོགས་ལ་བསྔགས་བརྗོད་བྱས་པ་རེད།
         རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཕན་ཚུན་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ཐོག་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།
         ཕྱོགས་གཉིས་པོའི་མིང་རྟགས་འགོད་མཁན་འཐུས་མིར་རང་སོ་སོའི་སྲིད་གཞུང་གི་དབང་ཆ་ཐོབ་པ་དང་། མིང་རྟགས་འགོད་པའི་སྤྱི་བསྒྲགས་དེ་རྒྱ་ཡིག་དང་ཕོར་ཐིའུ་ཀལ་ཡི་གེའི་ཡིག་ཆ་གཅིག་འདྲ་གཉིས་བཟོས་ནས་ཡིག་ཆ་གཉིས་ཀར་འདྲ་མཉམ་ངང་གཞི་འཛིན་ཆོག
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།