འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རླངས་འཁོར་གྱིས་ཀྱང"ལེ་པ་ནོན་གྱི་ཁྲོམ་ར་སྣེ་ཁྲིད་ཐུབ་རྒྱུའི"རེ་བ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སླད་ཕྱིན་ཀྲུང་གོའི་རླངས་འཁོར་གྱིས་ཀྱང་ལེ་པ་ནོན་གྱི་ཁྲོམ་ར་སྣེ་འཁྲིད་ཐུབ”ཅེས་ལེ་པ་ནོན་གྱི་ཀྲུང་གོའི་སྤུས་རྟགས་རླངས་འཁོར་བརྒྱུད་ཚོང་ཚོང་པ་གཙོ་བོ་ཡིན་པའི་པཱ་ཙེར་ཅི་རླངས་འཁོར་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅེ་ཕུའུ·པཱ་ཙེར་ཅིས་དེ་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་རེད།
         པཱ་ཙེར་ཅི་རླངས་འཁོར་ཀུང་སི་དང་ཀྲུང་གོ་པེ་ཅིང་རླངས་འཁོར་ཚོགས་པ་མཉམ་ལས་བྱས་ཏེ་2016ལོའི་ཟླ་བཞི་པར་པེ་ཅིང་རླངས་འཁོར་ཚོགས་པའི་ཁོངས་གཏོགས་ཀྱི་རླངས་འཁོར་སྤུས་རྟགས་ཐོག་མ་ལེ་པ་ནོན་གྱི་ཁྲོམ་རར་ནང་འདྲེན་བྱས་པར་མིག་སྔའི་བར་ཉུང་མཐར་ཡང་རླངས་འཁོར་རིགས་གཉིས་ཡོད། དེ་གོང་རླངས་འཁོར་བརྒྱུད་ཚོང་ཚོང་པ་དེས་2012ལོ་ནས་བཟུང་ཅང་ལིང་རླངས་འཁོར་དང་། ཞ་མོན་ཅིང་ལུང་། ཅང་ཤིས་ཁྲང་ཧོ། ཀོང་ཀྲོའུ་རླངས་འཁོར་ཚོགས་པ་སོགས་ཀྲུང་གོའི་རླངས་འཁོར་ཁེ་ལས་མང་པོ་དང་མཉམ་ལས་བྱས་ནས་ལེ་པ་ནོན་དུ་ཀྲུང་གོའི་རླངས་འཁོར་ཕྱིར་ཚོང་བྱེད་ཀྱི་ཡོད།
         ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ཚོང་དོན་ཁྲུས་མཁོ་འདོན་བྱས་པའི་ཆ་འཕྲིན་ཐོག་ནས་པེ་ཅིང་རླངས་འཁོར་དང་མཉམ་ལས་མ་བྱས་གོང་། ལེ་པ་ནོན་གྱི་རླངས་འཁོར་ཁྲོམ་རར་ཆི་རུའེ་དང་། ཅི་ལི། པི་ཡཱ་ཏི་སོགས་ཀྲུང་གོའི་སྤུས་རྟགས་བཅུ་གྲངས་ཀྱི་རླངས་འཁོར་ཕྱིར་ཚོང་བྱེད་བཞིན་པ་མངོན་ཡོད།
         2016ལོ་ནི་ཀྲུང་གོ་དང་ལེ་པ་ནོན་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་ཞིང་། ལེ་པ་ནོན་འགག་སྒོས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། ཀྲུང་ལེ་དབར་གྱི་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར་12.3ཟིན་པ་དང་ཀྲུང་གོ་འདི་ཉིད་ལེ་པ་ནོན་གྱི་ནང་འདྲེན་རྒྱལ་ཁབ་ཆེ་གྲས་དང་པོར་གྱུར་ཡོད།
         ལེ་པ་ནོན་གདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཨའེ་ཧ་མའེ་ཏིས་གསར་འགོད་པར་རིན་གོང་དང་སྤུས་ཚད་ཐོག་ནས་བལྟས་ན། མིག་སྔར་རི་པིན་དང་ཧན་གོའི་རླངས་འཁོར་བཟོ་གྲྭས་ཐོན་སྐྱེད་བྱས་པའི་རླངས་འཁོར་ལ་ལེ་པ་ནོན་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “ཀྲུང་གོའི་རླངས་འཁོར་ལེ་པ་ནོན་གྱི་ཁྲོམ་རར་ཞུགས་པའི་དུས་ཚོད་གོང་གི་རྒྱལ་ཁབ་གཉིས་དང་བསྡུར་ན་ཕྱི་ཙམ་ཡིན་པས་མི་ཚོས་ད་དུང་རྒྱུས་མངའ་དེ་ཙམ་མེད”ཅེས་བཤད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།