འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ཀྱིས་པུ་རུན་ཏིར་ཐོན་འབབ་མཐོ་ཤོས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཞིང་ལས་པུའི་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་ཀྱིས་མངགས་པའི་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་གསུམ་པས་ཨ་ཧྥེ་རི་ཁ་ཤར་རྒྱུད་ཀྱི་རྒྱལ་ཁབ་པུ་རུན་ཏིར་བརྟག་ཞིབ་ནན་ཏན་དང་རྨོ་འདེབས་ཞིབ་ཚགས་ལོ་གཅིག་ལྷག་བྱས་པས། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་པུ་རུན་ཏིར་ཐོན་འབབ་མཐོ་ཤོས་ཐོན་པར་པུ་རུན་ཏིའི་སྲིད་གཞུང་གི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།
         ཡུན་རིང་མ་སོང་གོང་། པུ་པན་ཀྲ་ཞིང་ཆེན་དབྱིན་པོ་ཀླུང་ཐང་དུ་ཡོད་པའི་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཆུ་འབྲས་དཔེ་སྟོན་ཞིང་ཁར་ལོ་ལེགས་བྱུང་ནས། ནང་འདྲེན་ཚོད་འདེབས་བྱས་པའི་ཆུ་འབྲས་སྣ་ག་བཞིའི་ཁྲོད་མུའུ་རེའི་ཐོན་འབབ་མཐོ་ཤོས་སྤྱི་རྒྱ་924དང་དམའ་ཤོས་སྤྱི་རྒྱ་648ཟིན་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཆུ་འབྲས་རིགས་གཅིག་མཁས་ཅན་དབྱང་ཧྭ་ཏེས། མིག་སྔར་པུ་རུན་ཏིའི་རྒྱལ་ཡོངས་ཀྱི་ཆུ་འབྲས་ཐོན་འབབ་ཆ་སྙོམས་མུའུ་རེར་སྤྱི་རྒྱ་250ཡིན་ལ། དཔེ་སྟོན་ཞིང་ཁའི་ཐོན་འབབ་དམའ་ཤོས་ཀྱང་དེའི་ལྡབ་གཉིས་ལྷག་ཡིན་ཞེས་བཤད་པ་རེད།
         བརྔ་བསྡུ་བྱ་ཡུལ་དུ། པུ་རུན་ཏིའི་ཞིང་འབྲོག་ལས་པུའི་རྒྱུན་ལས་དྲུང་ཡིག་སི་ཝེ་ལིན་གྱིས་ཆུ་འབྲས་ལག་རྩལ་དཔེ་སྟོན་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས“ཐོན་འབབ་མཐོ་པོ་འདི་འདྲ་བྱུང་བས་པུ་རུན་ཏིའི་ཞིང་ལས་འཕེལ་རྒྱས་ལོ་རྒྱུས་ཐོག་འགོད་དགོས་ངེས་རེད། དེ་དང་ཆབས་ཅིག་ང་ཚོས་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་དང་ཀྲུང་གོའི་ལག་རྩལ་ལ་བརྟེན་ནས་ཆུ་འབྲས་ལེགས་ལྡན་ཐོན་ལས་འདི་འཕེལ་རྒྱས་གཏོང་རྒྱུའི་ཡིད་ཆེས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་། གལ་སྲིད་རང་རྒྱལ་གྱི་ཆུ་འབྲས་ཐོན་འབབ་ཆུ་ཚད་འདིར་སླེབས་ཚེ་པུ་རུན་ཏིའི་ཞིང་པ་ཚང་མར་འབྲུ་རིགས་འབེལ་པོ་བྱུང་ནས་འཚོ་ཚིས་ལ་སེམས་ཁྲལ་ཡོང་མི་སྲིད”ཅེས་བཤད་པ་རེད།
        པུ་རུན་ཏི་ནི་འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། འཛམ་གླིང་དངུལ་ཁང་གི་2014ལོའི་ཟླ་དྲུག་པའི་སྙན་ཞུ་ལྟར་ན། པུ་རུན་ཏིའི་མི་རེའི་ཆ་སྙོམས་GDPཨ་སྒོར་300ཙམ་ལས་མེད་པ་དང་། གྲོང་གསེབ་མི་འབོར་གྱིས་རྒྱལ་ཡོངས་མི་འབོར་གྱི་90%ཟིན་པ། རྒྱལ་ཡོངས་མི་འབོར་གྱི་65%དབུལ་པོ་ཡིན་པ་དང་། འབྲུ་རིགས་མི་འདང་བའི་ཆ་ཡང་30%ཟིན་ཡོད་པ་རེད།
        པུ་རུན་ཏིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྲིད་དོན་ཚན་ཙན་སུན་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་པུ་རུན་ཏིའི་རྒྱལ་ཡོངས་ཁྱབ་ཁོངས་ནང་ཆུ་འབྲས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་ཆེ་གྲས་སྐབས་གཉིས་གཉེར་བའི་ནང་མི་120ལྷག་ཙམ་ཞུགས་ཡོད་པ་རེད།
         སུན་ཅན་གྱིས་བཤད་པ་ལྟར་ན། སང་ལོའི་ལོ་མཇུག་གི་སྔ་རྗེས་སུ། པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་བཞི་པ་པུ་རུན་ཏིར་འབྱོར་རྒྱུ་ཡིན་ཞིང་། ཆུ་འབྲས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་གསུམ་པ་ཡང་མུ་མཐུད་པུ་རུན་ཏིར་སྡོད་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་ཞིང་ལས་ཐོན་རྫས་ལས་སྣོན་དང་འབྲས་ཤིང་གི་ཆེད་ལས་ཅན་གྱི་རིགས་གཅིག་མཁས་ཅན་མང་པོ་མངགས་ནས་གཞི་ཁྱོན་ལྡན་པའི་ཞིང་ལས་དཔེ་སྟོན་ལྟེ་གནས་ཀྱང་འཛུགས་རྒྱུ་ཡིན་པ་རེད། པུ་རུན་ཏི་ཕྱོགས་ཀྱིས་མིག་སྔའི་བར་ཐོབ་པའི་གྲུབ་འབྲས་ལ་བློ་ཡིད་ཚིམ་པོ་བྱུང་བ་དང་ཆབས་ཅིག་ཀྲུང་གོ་ནས་ས་བོན་དང་། རྫས་ལུད། ཞིང་ལས་ཐོན་རྫས་ལས་སྣོན་སོགས་དེ་འབྲེལ་ཁེ་ལས་ནང་འདྲེན་བྱས་ནས། ཀྲུང་གོའི་ས་བོན་དང་ཀྲུང་གོའི་ལག་རྩལ་ལ་བརྟེན་ནས་པུ་རུན་ཏིའི་མི་སེར་ཚོར་ཕན་པ་དངོས་ཐོབ་པ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།