འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམ་ཕུ་ཁྲེས་ཀྲུང་གོའི་ཡུལ་སྐོར་བར་དགའ་བསུ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “འདི་ལོ་ང་ཚོས་རྒྱ་མཚོའི་དུས་ཆེན་ལ་ཆེད་མངགས་རྒྱ་ཡིག་གི་མིང་ཞིག་བཏགས་པ་དེ་ཐོག་ནས་ཀྲུང་གོའི་ཡུལ་སྐོར་བར་མཐོང་ཆེན་དང་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་པོ་ང་ཚོའི་རྒྱལ་ཁབ་ཏུ་ཡོང་རྒྱུར་དགའ་བསུ་ཞུ་བ་མཚོན་ཡོད”ཅེས་ཤི་ཧ་ནུའུ་ཁེ་གྲོང་ཁྱེར་གྱི་རང་བཙན་བྱེ་ཐང་འགྲམ་དུ་ཁམ་ཕུ་ཁྲེའི་ཡུལ་སྐོར་པུའི་ཁྲོམ་ར་ཁྱབ་གདལ་སིའི་སི་ཀྲང་ཐུའུ་ལུའོ་ལ་ཡིས་གཞུ་དབྱིབས་སྒོ་མོ་ཆེའི་སྟེང་དུ་བྲིས་པའི“རྒྱ་མཚོའི་དུས་ཆེན”ཞེས་པའི་རྒྱ་ཡིག་དེར་མཛུབ་མོ་བཙུགས་བཞིན་གསར་འགོད་པར་དེ་ལྟར་བརྗོད་བྱུང་།
         ཟླ་12ཚེས་24ཉིན། ཁམ་ཕུ་ཁྲེའི་ལོ་གཅིག་དུས་གཅིག་གི་རྒྱ་མཚོའི་དུས་ཆེན་ཤི་ཧ་ནུའུ་ཁེ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་དུས་ཡུན་ཉིན་3གྱི་བྱེད་སྒོའི་ནང་བྱེ་ཐང་དང་ཆུ་ཐོག་ལུས་རྩལ་དང་། ས་གནས་ཀྱི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན། དེང་རབས་ཀྱི་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། གཙོ་གཉེར་ཕྱོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་50ལ་ཉེ་བ་ད་རེས་ཀྱི་རྒྱ་མཚོའི་དུས་ཆེན་གྱི་བྱེད་སྒོའི་ནང་ཞུགས་ཡོད་ཅེས་ངོ་སྤྲོད་བྱས།
         འདི་ལོའི་ལོ་སྟོད་དུ་ཁམ་ཕུ་ཁྲེ་སྲིད་གཞུང་གིས་《ཀྲུང་གོའི་ཆེད་དུ་གྲ་སྒྲིག་བྱེད་》ཅེས་པའི་ཡུལ་སྐོར་ལས་རིགས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དངོས་སུ་ཁྱབ་བསྒྲགས་བྱས་པ་མ་ཟད་《ཀྲུང་གོའི་ཡུལ་སྐོར་བ་ཡིད་དབང་འགུག་པའི་བྲིན་ཚོང་ཐབས་ཇུས། 2016ལོ་ནས་2020ལོའི་བར་》གྱི་ཇུས་གཞི་ཡང་བཟོས་ཡོད།
         “ང་ཚོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ཀྲུང་གོའི་ཁེ་ལས་དེ་བས་མང་པོས་ཁམ་ཕུ་ཁྲེའི་ཡུལ་སྐོར་ལས་རིགས་ལ་མ་རྩ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཐུའུ་ལུའོ་ལ་ཡིས་ཀྲུང་གོའི་མ་འཇོག་གིས་ཁམ་ཕུ་ཁྲེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཁམ་བུ་ཁྲེའི་ཡུལ་སྐོར་སྡེ་ཚན་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་ཡུལ་སྐོར་བར་ཁམ་བུ་ཁྲེའི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱ་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱས། “ང་ཚོས་མཉམ་དུ་ཧྲང་ཧའེ་དང་ཁུན་མིན་སོགས་གྲོང་ཁྱེར་དུ་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་སྤེལ་བར་ཕན་ནུས་བཟང་པོ་ཐོན་པ་དང་དེ་ནི་ཀྲུང་གོའི་ཡུལ་སྐོར་བ་ཡིད་དབང་འགུག་པའི་བྱེད་ཐབས་ཧ་ཅང་ཡག་པོ་ཞིག་རེད”ཅེས་ཐུའུ་ལུའོ་ལ་ཡིས་བཤད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།