འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིག་པའི་རྩོམ་སྒྲིག་གསོ་སྦྱོང་སྐབས་དང་པོའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་3རིང་གི་བོད་རིག་པའི་རྩོམ་སྒྲིག་གསོ་སྦྱོང་སྐབས་དང་པོའི་གསོ་སྦྱོང་འཛིན་གྲྭ་དེ་ཟླ་12ཚེས་12ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་གསོ་སྦྱོང་བྱེད་འགོ་ཚུགས་པ་རེད། གསོ་སྦྱོང་འཛིན་གྲྭ་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་དང་པེ་ཅིང་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་མི་ཤུགས་ཐོན་ཁུངས་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་ཡིན་ལ། ཀྲུང་གོའི་བོད་རིག་པའི་དུས་དེབ་ཁང་གིས་སྒྲུབ་འགན་ཞིབ་ཕྲ་འཁུར་ཡོད་པ་རེད། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། པེ་ཅིང་སོགས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་བཅས་ལས་ཕེབས་པའི་རྩོམ་སྒྲིག་པ་32ཀྱིས་བོད་རིག་པ་དང་གསར་འགྱུར་དཔེ་སྐྲུན་ཆེད་ལས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་པ་རེད།
      གསོ་སྦྱོང་འཛིན་གྲྭའི་ཐོག་ཆེད་ལས་མཁས་པ་6གིས་སོ་སོར་བོད་ལྗོངས་ཀྱི་བོད་སྐད་ཡིག་གི་ཁྲིམས་འཛུགས་དང་སྐད་བརྡའི་ཁེ་དབང་སྲུང་སྐྱོབ། བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས། དཔེ་སྐྲུན་དངོས་པོ། མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ལ་འབྲེལ་ཡོད་པ། རིག་གཞུང་དུས་དེབ་ཀྱི་ཨང་གྲངས་ཅན་གྱི་པར་དབང་སྲུང་སྐྱོང་དང་པར་དབང་གཉེར་སྐྱོང་། སྣང་མེད་དུ་གཏོང་སླ་བའི་རྩོམ་སྒྲིག་ཞུ་དག་གི་ཤེས་བྱ་སོགས་དང་འབྲེལ་བ་ཡོད་པའི་བོད་རིག་པ་དང་གསར་འགྱུར་དཔེ་སྐྲུན་གྱི་ཆེད་ལས་ཤེས་བྱ་བསླབས་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ། རྒྱལ་ཡོངས་ཀྱི་བོད་རིག་པའི་སྐོར་གྱི་དཔེ་སྐྲུན་ཁང་དང་རིག་གཞུང་དུས་དེབ་ཁང་སུམ་བཅུ་ལྷག་ཙམ་ཡོད་ཅིང་། དེ་ཚོའི་ཁྲོད་དུ་པར་སྐྲུན་ཡིག་རིགས་བོད་ཡིག་ཡིན་པའི་དཔེ་སྐྲུན་ཁང་8དང་། བོད་ཡིག་གི་རིག་གཞུང་དུས་དེབ་ཁང་20ལྷག་ཙམ་ཡོད་པ་རེད། རྒྱལ་ཡོངས་སུ་བོད་རིག་པའི་དཔེ་སྐྲུན་གཉེར་བའི་རྩོམ་སྒྲིག་རུ་ཁག་ཏུ་མི་གྲངས་ལྔ་སྟོང་ལ་ཉེ་བ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།