འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ས་ཁུལ་གྱི་ཕྲུ་གུ་ཚོས་དབྱུག་རྩེད་སྤོ་ལོ་བརྒྱུད་ནས་ཕྱིར་བསྐྱོད་དེ་མཐོང་རྒྱ་ཆེ་རུ་སོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེ་རིང་བཀྲ་ཤིས་རང་ཉིད་ཀྱི་ཨ་མས་བཙེམས་པའི་ལྭ་བ་གྱོན་རྒྱུར་དགའ་བ་ཕུད། ད་དུང་དུས་རྒྱུན་སྦྱོང་བརྡར་སྐབས་དབྱུག་རྩེད་སྤོ་ལོའི་གྱོན་ཆས་གྱོན་རྒྱུར་ཤིན་ཏུ་དགའ་པོ་ཡོད། “དབྱུག་རྩེད་སྤོ་ལོ་བརྒྱབ་ནས་ང་འབྲོག་ར་ནས་ཕྱིའི་འཇིག་རྟེན་ལ་ལྟ་བར་འགྲོ་ཐུབ་སོང”ཞེས་ཚེ་རིང་བཀྲ་ཤིས་ཀྱིས་དེ་ལྟར་བཤད།
         ལོ་20ལ་སླེབས་པའི་བོད་རིགས་ན་གཞོན་ཚེ་རིང་བཀྲ་ཤིས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་དཔོན་སྐོར་གྲོང་ཚོ་ནས་ཡིན་ཞིང་། ཁོང་བོད་རིགས་ས་ཁུལ་ནས་ཡོང་བའི་བོད་རིཌ་ཕྲུ་གུ་གཞན་དང་འདྲ་བར་སློབ་གྲྭ་གྲོལ་རྗེས་ཁྱིམ་གྱི་ལུག་500འཚོ་བར་ཕྱིན་ནས་རང་ཉིད་ཀྱི་བྱིས་དུས་རྩྭ་ཐང་དུ་བསྐྱལ་ཡོད།
         ཁོང་གིས་རྩལ་ཁྲིད་དགེ་རྒན་ཐན་ལགས་ཐུག་མེད་ཚེ། ང་བོད་རིགས་ཕྲུ་གུ་དཀྱུས་མ་བཞིན་ཕྱུགས་འཚོ་བ་དང་སློབ་གྲྭར་འགྲོ་བཞིན་ཡོད། རྒྱུན་བསྐྱངས་ནས་སློབ་སྦྱོང་ཡག་པོ་བྱས་ན་མདུན་ལམ་ཡག་པོ་ཞིག་ཡོང་ཐུབ། ཡིན་ནའང་དབྱུག་རྩེད་སྤོ་ལོ་བརྒྱབ་པས། ངའི་མིག་རྒྱང་རིང་དུ་སོང་ལ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ནས་ཡོང་བའི་སློབ་ཕྲུག་གཞན་ཚོ་དང་སྤེལ་རེས་ཀྱང་བྱེད་པའི་གོ་སྐབས་བྱུང་སོང་ཞེས་བཤད།
         ཐན་ཁྲང་ཅི་ནི་ཧན་གོའི་ཧྲོའར་ཐན་གོ་སློབ་ཆེན་གྱི་རྒྱའི་སྐད་ཡིག་ཚན་ཁག་ནས་ཐོན་ཞིང་། 2001ལོའི་ཟླ་9པར་མཚོ་སྔོན་དགེ་འོས་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་ཞིབ་འཇུག་སློབ་མ་ཞིག་བྱས། ཁོང་གིས“ང་ཆུང་དུས་ནས་ཀྲུང་གོའི་ནུབ་རྒྱུད་ལ་ཡོང་ནས་དེ་གའི་རིག་གནས་ལ་ལྟ་འདོད་ཆེན་པོ་ཡོད། ད་རེས་ཡུན་ནས་ཡོང་བར་འདོད་པའི་ཀྲུང་གོར་སླེབས་སོང”ཞེས་བཤད།
         སློབ་གྲྭར་སྡོད་རིང་། ཁོང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་ཞོར་དབྱུག་རྩེད་སྤོ་ལོའི་རུ་ཁག་བཙུགས་ནས་ཁོངས་མི་20ལྷག་ཡོད་པའི་ཁྲོད་ཕྱེད་ཀ་ཙམ་བོད་རིགས་སློབ་ཕྲུག་ཡིན། “བོད་རིགས་སློབ་ཕྲུག་རྣམས་དབྱུག་རྩེད་སྤོ་ལོ་རྩེ་བའི་སྐྱེ་སྟོབས་ཆེ་ལ་ལུས་པོའི་དཔུང་ཤུགས་ཀྱང་ཆེན་པོ་འདུག”
         སློབ་གྲྭ་ཐོན་རྗེས། ཁོང་མཚོ་ལྷོ་རང་སྐྱོང་ཀྲོའུ་ཡི་གསེར་ཆེན་དུ་ཡོང་བ་དང་། དེ་དུས་སློབ་སྤྱི་བཀྲ་ཤིས་ཀྱི་རོགས་རམ་འོག 2006ལོའི་ཟླ་7ཚེས་1ཉིན་མཚོ་ལྷོ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོའི་རུ་ཁག་བཙུགས་ཤིང་། སློབ་ཞོར་སྐབས། ཚེ་རིང་བཀྲ་ཤིས་དང་འདྲ་བའི་ཕྲུ་གུ་མང་པོས་དབྱུག་རྩེད་སྤོ་ལོ་རྒྱག་གི་ཡོད། “སློབ་གྲྭ་འདི་བདམས་དོན་ནི་འདི་གར་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཡོད་པས། དབྱུག་རྩེད་སྤོ་ལོ་རྒྱག་མཁན་སྐྱེད་སྲིང་བྱེད་པར་རྒྱུན་ཆད་མེད་པའི་མཐུན་རྐྱེན་ལྡན་ཡོད”
         ད་ཆ་ཚེ་རིང་བཀྲ་ཤིས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་ཞིག་ཏུ་གྱུར་ནས། དབྱུག་རྩེད་སྤོ་ལོ་རྒྱག་པའི་རྨང་གཞི་དང་ལུས་པོ་ཐང་པོར་བརྟེན་ནས་ཧོ་ནན་ཞིང་ཆེན་དབྱུག་རྩེད་སྤོ་ལོའི་རུ་ཁག་ནང་ཚུད། དམིགས་བསལ་བྱས་ནས་བསྡུས་པའི་ལུས་རྩལ་པ་ཚེ་རིང་བཀྲ་ཤིས་ད་ཆ་ཀྲེན་ཀྲོའུ་སློབ་ཆེན་ལུས་རྩལ་ཚན་ཁག་གི་སློབ་ཕྲུག་ཅིག་ཡིན་པ་རེད།
         ཚེ་རིང་བཀྲ་ཤིས་ཀྱི་རོགས་པ་དཔལ་ལྡན་པད་མས་ཀྱང“ད་ཆ་ངའི་ཕ་ཡུལ་གྱི་སློབ་གྲྭ་ཁག་ཏུ་ཡང་དབྱུག་རྩེད་སྤོ་ལོ་རུ་ཁག་བཙུགས་པ་མ་ཟད། ང་དང་འདྲ་བའི་ཕྲུ་གུ་མང་པོ་ཡང་དབྱུག་རྩེད་སྤོ་ལོ་རྒྱག་འགོ་ཚུགས་ཡོད། སྦྱངས་པ་མཐར་ཕྱིན་རྗེས་ངས་ཕ་ཡུལ་དུ་ལོག་ནས་དབྱུག་རྩེད་སྤོ་ལོའི་རྩལ་ཁྲིད་པ་ཞིག་བྱེད་འདོད་ཡོད”ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།