འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམ་ཕུ་ཁྲེའི་ཆ་འཕྲིན“མྱུར་བགྲོད་ལམ་བུའི”ཐོག་གི་ཀྲུང་གོའི་གཟུགས་བརྙན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ཉི་ཤུ་ཙམ་གློག་འཕྲིན་ལས་ཀ་བྱེད་མྱོང་བའི་ལི་ཡུང་དབྱི་ཁམ་ཕུ་ཁྲེར་ཡོང་ནས་དེ་གའི་འོད་སྐུད་འཕྲིན་གཏོང་དྲ་རྒྱ་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞོན་པ་བྱས་ནས་ལོ་གཅིག་ཙམ་ལས་སོང་མེད་པ་དང་ཀུང་སིའི་གཤམ་འོག་གི་སྡེ་ཚན་གཉིས་ལ་དོ་དམ་བྱེད་ཀྱི་ཡོད། ཉེ་ཆར་ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གཞན་ཡུལ་ལ་སྡོད་སྐབས་ལས་དུས་འཕར་མ་བྱེད་པ་རྒྱུན་གཏན་ཡིན་ལ་ལས་ཀའི་མདུན་རྒྱབ་ཚང་མར་ལྟ་དགོས་འདུག་ཅེས་བཤད་བྱུང་།
         ཁམ་ཕུ་ཁྲེ་འོད་སྐུད་འཕྲིན་གཏོང་དྲ་རྒྱ་ཚད་ཡོད་ཀུང་སི་ནི་ཀྲུང་གོའི་ཀོང་ཆི་ཧའེ་རུང་རྒྱལ་སྤྱིའི་འཕྲིན་གཏོང་ཚོགས་པས་(ཀོང་ཆིས་ཧའེ་རུང་)ཁམ་ཕུ་ཁྲེར་མ་རྩ་བཏང་ནས་བཙུགས་པའི་ཡན་ལག་ཀུང་སི་ཞིག་ཡིན་པ་དང་། འདི་ལོའི་ཟླ་གསུམ་པར་ཀོང་ཆིས་ཧའེ་རུང་དང་ཁམ་ཕུ་ཁྲེའི་ཡིག་ཟམ་གློག་འཕྲིན་པུའི་དབར་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ཀྱི་ཁམ་ཕུ་ཁྲེའི་མཚོ་འོག་འོད་སྐུད་དང་པོ(AAE—1)འཁྲིད་པ་དང་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལས་གཉེར་མཉམ་ལས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི། ཀྲུང་གོའི་ཁེ་ལས་ཀྱིས་འགན་བླངས་པའི་ས་གནས་ཀྱི་གླིང་སྒྲོལ་བའི་མཚོ་འོག་འོད་སྐུད་འཁྲིད་པའི་རྣམ་གྲངས་ཐོག་མ་དེ་ཡིན་པ་རེད།
         ལི་ཡུང་དབྱིས་ངོ་སྤྲོད་བྱས་པ་ལྟར་ན། 2006ལོར་ཀུང་སི་དེ་ཁམ་ཕུ་ཁྲེར་སླེབས་པ་ནས་ད་བར། ཀུང་སིའི་ལས་མི་བརྒྱ་ཆ་དགུ་བཅུ་ཙམ་ཡུལ་དེ་གའི་མི་ཤ་སྟག་ཡིན་པ་དང་། ཀུང་སིའི་ལས་མི་ཕལ་ཆེ་བ་གཞི་རིམ་ནས་ལས་འགོ་བརྩམས་པའི་ཁམ་ཕུ་ཁྲེ་བ་ཡིན་པ་དེ་དག་གིས་རང་ཉིད་ཀྱིས་སློབ་སྦྱོང་དང་འབད་པ་བྱས་པ་བརྒྱུད་ལས་གནས་འབྲིང་བའི་ཐོག་སླེབས་ཐུབ་ཡོད།
         འདས་པའི་བགྲང་བྱ་བཅུའི་ནང་། ཀོང་ཆི་ཧའེ་རུང་གིས་ཁམ་ཕུ་ཁྲེའི་འོད་སྐུད་དྲ་རྒྱ་བསྐྲུན་ནས་སྐམ་སར་འོད་སྐུད་ཁྲིད་ཚད་སྤྱི་ལེ་ཁྲི་གཅིག་ལྷག་ཙམ་ཟིན་ནས་ཁམ་ཕུ་ཁྲེའི་ཞིང་ཆེན་དང་གྲོང་ཁྱེར་25ལ་ཁྱབ་སྟེ། འཕྲིན་གཏོང་དང་། བརྙན་འཕྲིན། དྲ་སྦྲེལ་བཅས་ལས་གཉེར་བྱེད་མཁན་17ལ་ཞབས་ཞུ་བསྒྲུབས་ནས་ས་གནས་ཀྱི་འོད་སྐུད་དྲ་རྒྱའི་ཁྲོམ་རའི་བརྒྱ་ཆ་བརྒྱད་ཅུ་བཟུང་བ་དང་འོད་སྐུད་དྲ་སྦྲེལ་ཁེབས་ཚད་དུད་ཚང་ཁྲི་30ཟིན་གྱི་ཡོད་པ་རེད།
         ལི་ཡུང་དབྱིས་མཚོ་འོག་འོད་སྐུད་ཁྲིད་ནས་སྤྱོད་འགོ་ཚུགས་རྗེས། འདང་ངེས་དང་། ཤར་བགྲོད། ཁེར་ཚུགས་ཀྱི་རྒྱལ་སྤྱིའི་དྲ་ཆེན་དེ་ཁམ་ཕུ་ཁྲེའི་ཁྲོམ་རར་བསྐྱལ་ནས་ཁམ་ཕུ་ཁྲེའི་གློག་འཕྲིན་དང་། དཔལ་འབྱོར་ཁྲོམ་རར་སྒོ་འཕར་གསར་དུ་ཕྱེ་ནས་སྲིད་གཞུང་དང་། ཁེ་ལས། མང་ཚོགས་ཕལ་པ་བཅས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།