འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“དྲ་སྦྲེལ+”ལ་བརྟེན་ནས་ཞིང་འབྲོག་པའི་དབུལ་སྐྱོར་དཔེ་དབྱིབས་
    གསར་གཏོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དགུན་དུས་ཀྱི་ཕྱི་དྲོ་ཞིག་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ལྷག་ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མེན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཐོའུ་ཐང་གྲོང་ཚོར་གྲོང་མི་ཀྲའོ་ཀྲི་ཞང་གིས་མྱུར་སྐྱེལ་གྱི་སྤ་སེ་བྲིས་ནས་ཐུམ་སྒྲིལ་བརྒྱབ་ཟིན་པའི་ཕྱུ་ར་དང་། ཚགས་ཤ། ས་མཐོའི་སྦྲང་རྩི་ལ་སོགས་ས་གནས་དེ་གའི་ཐོན་རྫས་ས་གནས་གཞན་དག་གི་འཛད་སྤྱོད་པར་བསྐུར་རྩིས་བྱེད་བཞིན་ཡོད།
         འདི་ལོ་ལོ་28ལ་སླེབས་པའི་ཀྲའོ་ཀྲི་ཞང་ནི་ཐོའུ་ཐང་གྲོང་ཚོའི་གྲོང་མི་ཡིན་པ་དང་། སློབ་གྲྭ་ཆེ་མོ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དང་གཙོ་བོ་ཕ་ཡུལ་གྱི་ཞིང་འབྲོག་ཐོན་རྫས་གཉེར་སྐྱོང་བྱས། ཁོང་གིས“དབྱར་དུས་ཡུལ་སྐོར་ལས་རིགས་ནང་ཞུགས་པ་དང་དགུན་དུས་ཐོན་རྫས་འཚོང་གི་ཡོད། ང་ཚོས་ཞིང་འབྲོག་པ་མཉམ་དུ་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ཁྲོམ་རའི་རིན་གོང་ལས་ཅུང་ཟད་མཐོ་བའི་སྒོ་ནས་ཁོང་ཚོའི་མ་བཅོས་ཐོན་རྫས་ཉོས་ཏེ་དྲ་བའི་ལས་སྟེགས་བརྒྱུད་ཕྱིར་ཚོང་བ་དང་དེ་རྗེས་ཚང་མར་ཁེ་བཟང་བགོ་ཡི་ཡོད་པས་བྱེད་ཐབས་འདི་ཉེན་ཁ་ཆུང་ལ། ཡུལ་མིས་ཀྱང་མཉམ་ལས་བྱེད་འདོད་བྱེད་ཀྱི་འདུག”ཅེས་བཤད།
         མཚོ་བོད་ས་མཐོའི་ཤར་བྱང་རྒྱུད་དུ་གནས་པའི་མེན་ཡོན་རྫོང་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དང་བར་ཐག་སྤྱི་ལེ་128ཙམ་སར་ཡོད་པ་དང་། ས་གནས་དེ་གར་ཧུའེ་རིགས་དང་། རྒྱ་རིགས། བོད་རིགས། སོག་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་ཀྱི་ཡོད། ནུབ་བྱང་གི་སྐམ་སའི་དབུས་ཁུལ་ཡིན་པའི་དབང་གིས་ས་གནས་དེ་གའི་ཁྱད་ལྡན་གྱི་ས་མཐོའི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་དཀའ་བ་དང་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ལའང་རིན་གོང་མཐོ་པོ་དེ་ཙམ་རག་གི་མེད།
         “ང་ཚོའི་འདི་གར་ལུག་གསོ་མཁན་མང་པོ་ཡོད་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པའང་ཆེན་པོ་ཡོད་པས་རིན་གོང་མཐོ་པོ་དེ་ཙམ་རག་གི་མེད། ལུག་ས་གནས་གཞན་དུ་ཕྱིར་ཚོང་བྱེད་པར་ཕྱིན་ཚེ་རིན་གོང་ཡག་པོ་རག་གི་ཡོད་མོད། འོན་ཀྱང་ལུག་ཉོ་ཚོང་བྱེད་མཁན་དང་མཉམ་ལས་བྱས་ན་ཉེན་ཁ་ཆེན་པོ་ཡོད”ཐོའུ་ཐང་གྲོང་ཚོའི་གྲོང་མི་ཕེང་ཡུས་ལེན་གྱིས་གཞེས་ནིང་ལོར་རང་ཉིད་ཀྱི་ཁྱོ་ག་ཧན་ཤན་ཝན་དང་ལུག་ཉོ་ཚོང་བྱེད་མཁན་ཞིག་མཉམ་ལས་བྱས་ནས་ལུག་བདུན་ཅུ་བརྒྱད་ཅུ་ལྷག་ཙམ་ཞིང་ཆེན་གཞན་དུ་ཕྱིར་ཚོང་བྱས་པར་གཞན་གྱི་མགོ་སྐོར་འོག་ཚུད་དེ་ལུག་དེ་དག་སྒོར་3000བྱས་ནས་བཙོངས་དགོས་བྱུང་བ་རེད་ཅེས་བཤད།
         ན་ནིང་ཕེང་ཡུས་ལན་དང་ཀྲའོ་ཀྲི་ཞང་མཉམ་ལས་བྱས་ནས་དྲ་བའི་ལས་སྟེགས་ཁོ་ན་བརྒྱུད་ལུག་30ལྷག་ཙམ་བཙོངས་པ་དེར་ཁེ་བཟང་མི་ཉུང་བ་ཞིག་རག་ཡོད། “ལས་སྟེགས་དེར་བརྟེན་ཚེ་ང་ཚོའི་ལུག་ས་གནས་གཞན་དུ་འཚོང་བར་ཉེན་ཁ་ཇེ་ཆུང་དུ་སོང་ཡོད”ཅེས་བཤད།
         “དྲ་ཐོག་ཚོང་དོན་དང་ཆེད་ལས་མཉམ་ལས་ཁང’དང‘དྲ་ཐོག་ཚོང་དོན་དང་དུད་ཚང་དབུལ་པོ’སོགས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་དཔེ་དབྱིབས་གསར་པ་དེ་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་འབབ་འཕར་དབུལ་སྒྲོལ་གྱི་ཐབས་ལམ་གསར་པར་འགྱུར་བཞིན་ཡོད། ”མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ཉོ་ཚོང་དང་ཁྲོམ་ར་འཛུགས་སྐྲུན་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀུའུ་ཤིས་ཅུན་གྱིས་ན་ནིང་མཚོ་སྔོན་གྱིས་ལག་ལེན་བསྟར་བའི་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་4སྐྲུན་པ་དེ་གྲོང་ཚོ་དབུལ་པོ་253ལ་ཁྱབ་པ་དེའི་ཁྲོད་གྲོང་ཚོ་དབུལ་པོ་88དུ་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་སྐྲུན་ཟིན་པ་དང་འབྲེལ་ཕན་ནུས་རགས་ཙམ་ཐོན་ཡོད་ཅེས་བཤད།
         དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་བདམས་པའི་མཚོ་ཤར་གྱི་གྲོང་མི་དང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་འདི་ལོའི་ཟླ་6པ་ནས་བཟུང་རྫོང་གི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་སུ“གྲོང་གསེབ་ཀྱི་ཐའོ་པའོ”ཞེས་པའི་ས་ཚིགས་ཤིག་བཙུགས་པ་དེས་གཙོ་བོ་ས་གནས་དེ་གའི་ཞོག་ཁོག་དང་། ཚུའུ། སྦྲང་རྩི་སོགས་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། ཟླ་11པའི་ཟླ་དཀྱིལ་བར་ཁྱོན་མངགས་ཐོ་1100ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་ཚོང་འགྲིག་པ་རེད། བཀའ་མ་ལོག་རྫོང་གི་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་ཀྱིས་ཞིང་པའི་ས་ནས་ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་ཉོ་སྒྲུབ་བྱས་རྗེས་ས་མཐོའི་ལྗང་མདོག་གི་སྦགས་བཙོག་མེད་པའི་སྤུས་རྟགས་བཏོད་དེ་འོས་སྦྱོར་བྱས་པར་ཞིང་ལས་ཐོན་རྫས་སྤུས་ཀ་ལེགས་ལ། རིན་གོང་མཐོ་པོ་རག་ནས་རགས་ལས་རྣམ་པའི་ཞིང་ལས་ནས་སྤུས་རྟགས་ཅན་གྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད”ཅེས་བཀའ་མ་ལོག་རྫོང་གི་བཟོ་ལས་དང་ཚོང་དོན་ཅུས་ཀྱི་དྲ་ཐོག་ཚོང་དོན་ལྟེ་གནས་དབྱིན་ལན་ཞིང་ལས་ཁྱད་ལྡན་དྲ་ཐོག་ཚོང་དོན་ཀུང་སིའི་འགན་འཁུར་བ་ལི་ཙེང་ཀོང་གིས་བཤད།
        ཞིང་འབྲོག་དུད་ཚང་གིས“ཞིང་ཟོག་གྲོང་ཁྱེར་དུ་བཙོངས་ནས”ཕྱུག་པོར་གྱུར་པ་ཕུད། གྲོང་མིས་ཀྱང“དྲ་ཐོག་དངོས་པོ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི”དངོས་ཕན་ལོངས་སུ་སྤྱད་ཡོད། བཀའ་མ་ལོག་རྫོང་མ་ཁྲང་ཡོན་ཤང་ཤང་ཧྲུའེ་གྲོང་ཚོའི་གྲོང་ཚོ་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་སུ་ཐུམ་སྒྲིལ་ལེན་པར་ཡོང་མཁན་གྲོང་མི་དབྱང་ཞཱ་ཡིས་གསར་འགོད་པར“ངས་དྲ་ཐོག་ནས་ཉོས་པའི་འཁྱག་སྒམ་དང་གོས་འཁྲུའི་འཕྲུལ་ཆས་རྫོང་དུ་ཉོས་པ་དང་བསྡུར་ན་སྒོར་བརྒྱ་ཕྲག་ཁ་ཤས་ཀྱི་ཁེ་བ་མ་ཟད། ད་དུང་ཁྱིམ་དུ་སྐྱེལ་བར་ཡོང་གི་འདུག”ཅེས་བཤད།
        ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བར་བརྟེན་ནས་ཞིང་འབྲོག་པས་རང་འགུལ་ངང་དྲ་བ་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་ཀྱི་ཟོག་འགྲེམས་འཇུར་མིག་སེལ་བ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གྲོང་གསེབ་ཀྱི་དེང་རབས་ཅན་གྱི་ཁྲོམ་རའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་རྒྱ་བསྐྱེད་བཏང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་པ། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་འགྱུར་བྱེད་ཚད་དང་དྲ་ཐོག་ཉོ་ཚོང་བྱེད་ཚད་མང་དུ་བཏང་བ་བཅས་རེད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྫོང་11རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང་འཛུགས་སྐྲུན་ནང་བཅུག་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཕུད་དེ་མིན་གྲོང་ཁྱེར་དང་ཀྲོའུ་7ཚང་མར་དཔེ་སྟོན་རྫོང་ཁྱབ་ཡོད། ཞིང་ཆེན་དེས་2020ལོར་སླེབས་སྐབས་འཐུས་སྒོ་ཚང་བའི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་སྐྲུན་ཟིན་པ་བྱ་རྩིས་ཡོད་པ་དང་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་འཚོང་བ་དང་བཟོ་ལས་ཐོན་རྫས་གཤམ་སྤེལ་བྱེད་པར་བརྟེན་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།