འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་གཤིས་སྤྱི་བསྒྲགས་ལས། དྲོད་བཤེར་གྱི་གནམ་གཤིས་འཛམ་གླིང་ཡང་རྩེར་
    ཁྱབ་བཞིན་ཡོད་པ་མངོན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་12ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་རྒྱང་ཚོར་བཀོལ་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱིས་《2016ལོའི་བོད་ལྗོངས་ཀྱི་འབྲུབ་དུས་ཀྱི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་པའི་སྤྱི་བསྒྲགས་》མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་སོང་བའི་ཤུགས་རྐྱེན་འོག་དྲོད་བཤེར་གྱི་གནམ་གཤིས་འཛམ་གླིང་ཡང་རྩེར་ཁྱབ་བཞིན་ཡོད་པ་རེད། 《2016ལོའི་བོད་ལྗོངས་ཀྱི་འབྲུབ་དུས་ཀྱི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྤྱི་བསྒྲགས་ལས། 1981ལོ་ནས་2016ལོའི་བར་བོད་ལྗོངས་སུ་འབྲུབ་དུས་ཀྱི་ཆ་སྙོམས་དྲོད་ཚད་འཕེལ་ཕྱོགས་ནི་མངོན་གསལ་གྱིས་འཕར་ཡོད་དེ། ཆ་སྙོམས་སུ་ལོ་10ཡི་རིང་ལ་དྲོད་ཚད་0.3℃འཕར་ཡོད་པ་དང་། ཆར་ཆུ་འབབ་ཚད་བསྡོམས་གྲངས་ཀྱང་འཕར་ཡོད་དེ། ཆ་སྙོམས་སུ་ལོ་10ཡི་རིང་ལ་ཧའོ་སྨི་10.1འཕར་ཡོད་པ་གསལ། 
         ལྟ་ཞིབ་ཚད་ལེན་གྱི་སྤྱི་བསྒྲགས་ལས། བོད་ལྗོངས་སུ་ལྗོངས་ཡོངས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་38ཀྱིས་བསྡུ་སྒྲིག་བྱས་པའི་གཞི་གྲངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2016ལོར་བོད་ལྗོངས་སུ་འབྲུབ་དུས་(ཟླ་5་པ་ནས་ཟླ་9པ་བར་)དྲོད་ཚད་ཆ་སྙོམས་11.9℃ཡིན་ལ་ལོ་སྔ་མ་དག་ལས་0.44℃མཐོ་རུ་ཕྱིན་པ་གསལ།  ཆར་ཆུའི་འབབ་ཚད་ཆ་སྙོམས་ནི་ཧའོ་སྨི་445.1ཡིན་ལ་ལོ་སྔ་མ་དག་ལས་ཧའོ་སྨི་62.4ཡིས་མང་བ་ཡོད། ཨར་ཉི་ནོ་ཡི་ཤུགས་རྐྱེན་ཐེབས་པས་ད་ལོར་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་སུ་བྱུང་མྱོང་མེད་པའི་གནམ་གཤིས་ཀྱི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་འགན་འཁུར་པས་བསྟན་དོན། གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་སོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ། “ཨེ་ཤེ་ཡ་གླིང་གི་ཆུ་མཛོད་”དང་“འཛམ་གླིང་ཡང་རྩེར་”འབོད་པའི་མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་དབང་རྩ་ལྟ་བུར་གྱུར་ཡོད། ཞིབ་འཇུག་མང་པོ་བྱས་པ་ལས་མངོན་པ་ལྟར་ན། མཚོ་བོད་མཐོ་སྒང་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་འགྲོ་བའི་ཚོར་བ་སྐྱེན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་དྲོད་བཤེར་གནམ་གཤིས་འཛམ་གླིང་གི་ཡང་རྩེ་རུ་ཁྱབ་བཞིན་ཡོད་པ་རེད།
         སྣང་ཚུལ་མང་པོ་ལས། དྲོད་བཤེར་གནམ་གཤིས་གངས་ལྗོངས་ས་མཐོར་ཁྱབ་བཞིན་ཡོད་ལ་ཤུགས་རྐྱེན་གཙོ་བོ་ནི་གོ་ལ་ཧྲིལ་པའི་གནམ་གཤིས་ཇེ་དྲོར་སོང་བ་འདི་ཡིན་པར་མངོན། དེ་སྔོན་ལྷ་ས་རུ་མཚན་མོར་ཆར་པ་བབས་ནས་ཉིན་གུང་གནམ་ཐང་བ་ཡིན་རུང་། ད་ལྟ་ཉིན་འགའི་རིང་བསྟུད་མར་ཆར་ཟིམ་འབབ་བཞིན་ཡོད། སྔོན་ཆད་མཚོ་དང་མཚེའུ་སྐམ་ནས་ཆུང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཉེ་བའི་ལོ་འགའི་རིང་འཕྲལ་མར་ཆེ་རུ་ཕྱིན་ནས་རྩྭ་རའང་ཆུར་ཐིམ་བཞིན་ཡོད་པ་རེད། དེ་ཙམ་དུ་མ་ཟད་སྔོན་ཆད་གྲང་ངར་ལྡན་ཆེ་བའི་དགུན་ཁའང་མཐོང་དཀོན་པར་གྱུར་ནས་དགུན་ཁའི་དྲོད་ཚད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།
         ཆེད་ལས་མཁས་པས་བསྟན་དོན། འཕྲེད་ཚད་མཐོན་པོ་དང་ས་བབ་མཐོ་བའི་ས་ཁུལ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་སོང་བའི་ཤུགས་རྐྱེན་ཐེབས་སླ་བ་རེད། དུས་ཐུང་ནང་བལྟས་ན་བོད་ལྗོངས་ཀྱི་གནམ་གཤིས་ཇེ་དྲོར་སོང་བ་དང་ཆར་ཆུ་འབབ་ཚད་ཇེ་མང་དུ་གྱུར་པ་དེས་རྩི་ཤིང་རྒྱས་སུ་འཇུག་ལ་མཁའ་དབུགས་ཀྱང་བཞའ་ཡིས་བརླན་ཏེ་མིའི་ལུས་ཁམས་བདེ་སྣང་ཇེ་ཆེར་འགྲོ་བ་རེད། མཐོ་སྒང་གི་མཛེས་ལྗོངས་མཐོང་ཚོར་ཡང་ཇེ་ལེགས་སུ་འགྲོ་ལ་ཞིང་ལས་ཕྱུགས་ལས་ཀྱི་ཐོན་སྐྱེད་ལའང་ཕན་ཐོགས་ཡོད་པ་རེད། འོན་ཀྱང་དེ་དང་དུས་མཉམ་དུ་འཁྱགས་རོམ་དང་ས་འཁྱགས་བཞུས་པའི་མཐའ་མར་ངན་འབྲས་འབའ་ཞིག་ཀྱང་འབྱུང་སྲིད་པས། འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱས་ཏེ་ངོ་མ་འབད་བརྩོན་བྱེད་དགོས་པ་འདུག
      

    ཕྱོགས་བསྡུས་གསར་འགྱུར།