འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།བོད་སྐྱོར་དགེ་རྒན་ཞིག་གི་ཕན་འབྲས་ཆེ་བའི་ཡོངས་བསྒྲགས་སློབ་ཚན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས“སྦྱོང་ཟིན་གྱིས་སློབ་ཁྲིད་ལ་ཁྲིད་སྟོན་བྱས་ནས། ཕན་ནུས་ཆེན་པོ་ཐོན་པར་བྱེད་པའི”བརྗོད་དོན་གཙོ་བོའི་ཡོངས་བསྒྲགས་སློབ་ཚན་འཚོགས་ཏེ། ལོ་གཉིས་རིང་ཅང་སུའུ་ཡིས་སློབ་གསོའི་བོད་སྐྱོར་བྱས་པའི་སློབ་དཔྱོད་སློབ་ཁྲིད་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཤིང་། ལྷ་སའི་ཆུས་དང་རྫོང་ཁག་ནས་དགེ་རྒན་400ལྷག་སློབ་ཚན་ཉན་པ་དང་དཔྱད་བརྗོད་ཀྱི་བྱེད་སྒོར་ཞུགས།
         སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དམའ་རིམ་ལོ་རིམ་གསུམ་པའི་འཛིན་གྲྭ་ལྔ་པར་ཡོངས་བསྒྲགས་སློབ་ཚན་འཚོགས་ནས། བོད་སྐྱོར་དགེ་རྒན་ཆན་ཝུའེ་ཧྲེང་གིས་རྒྱའི་སྐད་ཡིག་སློབ་ཚན་《མདོག་འགྱུར་ད་བྱིད་》ཅེས་པ་འཁྲིད་བཞིན་འདུག་ལ། སློབ་ཕྲུག་དྲུག་རེ་མཉམ་དུ་ཚོགས་ཆུང་གཅིག་བྱས་ནས་རྒན་ལགས་ཀྱིས་བཏོན་པའི་དྲི་བར་ལག་པ་བརྐྱངས་ནས་ལན་ཧུར་ཐག་རྒྱག་བཞིན་མཆིས།
         སློབ་གྲྭའི“རང་གིས་སྔོན་ལ་སྦྱོང་བ་དང་། ཕན་ཚུན་སློབ་རེས་བྱེད་པ། དཔྱད་བརྗོད་བྱེད་པ། སློབ་སྦྱོང་གཏིང་ཟབ་བྱེད་པའི”སློབ་ཁྲིད་བྱེད་སྟངས་ཀྱི་བླང་བྱར་གཞིགས་ནས། སློབ་ཚན་གྱི་ནང་དོན་ལ་རང་རང་གི་གོ་བ་ལེན་ཚུལ་མི་འདྲ་བར་བརྟེན་ནས་སློབ་ཚན་ཐོག་འཛིན་གྲྭ་དེའི་སློབ་ཕྲུག་30ཙམ་གྱིས་གྲོས་བསྡུར་བྱས་ནས་བསམ་ཚུལ་སྤེལ་རེས་དང་སློབ་སྦྱོང་ཧུར་ཐག་བྱས།
         སློབ་ཁང་གི་མཇུག་ཏུ་སློབ་འབྲིང་གཞན་ནས་ཡོང་བའི་དགེ་རྒན་20ལྷག་གིས་སློབ་ཚན་ཉན་ཞོར་ཟིན་ཐོ་འགོད་བཞིན་འདུག ལྷ་ས་མཐོ་རིམ་སློབ་འབྲིང་ཨང་གསུམ་པའི་དགེ་རྒན་ཤུས་ཡུས་རུང་གིས་སློབ་ཚན་ཉན་རྗེས“དགེ་རྒན་ཆན་ལགས་ཀྱིས་སློབ་ཁྲིད་གནང་སྐབས་སློབ་མའི་ཧུར་སེམས་བསྐོངས་ནས་རང་གིས་བསམ་བློ་གཏོང་རྒྱུར་ལྕག་སྐུལ་གཏོང་གི་ཡོད། འདི་འདྲའི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མ་གཙོ་བོ་དང་དགེ་རྒན་རམ་འདེགས་སུ་བྱེད་པའི་སློབ་ཁྲིད་བྱེད་སྟངས་ཤིག་མཚོན་ལ། སློབ་ཕྲུག་རང་ངོས་ཀྱིས་སློབ་སྦྱོང་བྱེད་པར་རང་འགུལ་བསམ་བློ་ཞིག་ངང་གིས་སྐྱེ་རུ་བཅུག་ཡོད”ཅེས་བཤད།
         ཅང་སུའུ་བོད་སྐྱོར་དགེ་རྒན་ཁག་དང་པོ་སློབ་གྲྭར་འབྱོར་རྗེས་སློབ་ཚན་ཉན་པར་འགྲོ་ཞོར་བརྟག་དཔྱད་ཞིབ་འཇུག་ཀྱང་བྱས་པས། སློབ་ཁྲིད་སྐབས་ལྷག་པའི་གནད་དོན་རྟོགས་ཤིང་། དེར་བརྟེན་སྦྱོང་ཟིན་གྱིས་སློབ་ཁྲིད་ལ་ཁྲིད་སྟོན་བྱ་རྒྱུ་གཙོ་བོར་བྱེད་པའི་སློབ་ཁྲིད་སྒྱུར་བཅོས་ཀྱི་བྱེད་སྒོ་ཞིག་སྤེལ་ཞིང་། “ལོ་གཉིས་ལྷག་རིང་སློབ་ཚན་འགྲན་བསྡུར་ལྟ་བ་དང་། སློབ་ཁྲིད་སྒྱུར་བཅོས་གླེང་སྟེགས་འཚོག་པ། ཆེད་དོན་ཞིབ་འཇུག་བྱེད་པ། སློབ་ཚན་ཁྲིད་པ་དང་ཞིབ་འཇུག་བྱེད་པ་སོགས་ཐོག་ནས་ས་གནས་ཀྱི་དགེ་རྒན་ལ་སློབ་ཁྲིད་བྱེད་སྟངས་གསར་པ་ཞིག་བསླབས་པས་ལས་སྒོའི་ཆུ་ཚད་མཐོ་རུ་སོང་ཡོད”ཅེས་སློབ་སྤྱི་ཞུས་ཤིས་ཧྥུང་གིས་དེ་ལྟར་བཤད།
         2014ལོའི་ཟླ་དྲུག་པ་ནས་ཅང་སུའུ་དང་པེ་ཅིང་གཉིས་ཀྱིས་སློབ་གྲྭའི་དོ་དམ་པ་དང་རྐང་འཛིན་སློབ་ཁྲིད་དགེ་རྒན་བདམས་ཏེ་བོད་ཀྱི་སློབ་གསོར་རོགས་སྐྱོར་བྱེད་པར་བཏང་བ་དང་པེ་ཅིང་དང་ཅང་སུའུ་ཡི་ཚོད་ལྟའི་སློབ་གྲྭ་སོ་སོར་བརྒྱབ་སྟེ། “སྒོ་རྩར་ནང་སའི་བོད་ལྗོངས་འཛིན་གྲྭ”ཞིག་བཙུགས་པར་ལོ་གཉིས་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།
         “ང་བོད་སྐྱོར་དགེ་རྒན་ལ་དམིགས་ཏེ་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལ་ཡོང་བ་ཡིན། འདི་གའི་དགེ་རྒན་གྱི་སློབ་ཚན་ཁྲིད་སྟངས་ཀྱིས་ང་ལ་ཤེས་བདེ་གོ་སླ་ཞིག་ཡོང་གི་འདུག རྒྱའི་བརྡ་རྙིང་ངམ་ཡང་ན་དངོས་ཁམས་ཚོད་ལྟའི་སློབ་ཚན་གང་ཡིན་རུང་སྦྱོང་རྒྱུར་དགའ་སྣང་ལྷག་པར་སྐྱེ་ཡི་འདུག”ཅེས་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་ཕྲུག་པད་མ་དོན་གྲུབ་ཀྱིས་དེ་ལྟར་བཤད།
         2016ལོ་ནས་སློབ་གསོ་པུའུ་སོགས་པུའུ་ཨུད་བཞིས་《“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞི་》བཀྲམ་ནས་ལོ་ལྟར་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གསོ་པུའི་ཐད་གཏོགས་སློབ་ཆེན་གྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་17ནས་དགེ་རྒན་གྲགས་ཅན་800བདམས་ཏེ་ཁ་གཏད་བོད་སྐྱོར་བྱེད་པའི་སློབ་གྲྭ་20ལ་བཏང་བ་ས་ཁུལ་དང་གྲོང་ཁྱེར་ཡོངས་ལ་ཁྱབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།