འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དབུས་ལྷོའི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་མྱུར་ཚད"ཆུ་ཚོད་གཅིག་མགྱོགས་སུ་
    བཏང་བའི"དགེ་མཚན་གླེང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པར”ཕྱོགས་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་ནང“ལྷ་སས་ལྟེ་བར་བྱས་ནས་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་གཏོད་རྒྱུ”ཞེས་བཏོན་ཡོད། དབང་གྲགས་ལྡན་པའི་ཆ་འཕྲིན་འདི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི“ལྷ་སས་ལྟེ་བར་བྱེད་པའི་ཆུ་ཚོད་བཞིའི་དཔལ་འབྱོར་ཁུལ”གྱི་རྒྱས་བཤད་དང་བསྡུར་ན་ཆུ་ཚོད་གཅིག་ཏག་ཏག་ཐུང་དུ་ཕྱིན་ཡོད་པ་རེད།
         ལྷ་ས་ནས་ཉིང་ཁྲིར་སྐྱོད་མཁན་ཞིག་ལ་མཚོན་ན། གྲོན་ཆུང་ཐུབ་པའི་དུས་ཚོད་སྤྱད་དེ་གློག་བརྙན་ཞིག་བལྟས་ན་ཏག་ཏག་རེད། འདི་ནི་འགྲིམ་འགྲུལ་མྱུར་ཚད་མགྱོགས་སུ་ཕྱིན་པའི་འོག་ཚོད་དཔག་བྱེད་ཆོག་པའི“གྲོང་ཟུང་འཚོ་བའི”གདམ་ག་ཞིག་རེད། དོན་དམ་ཐོག བོད་དབུས་ལྷོའི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་མྱུར་ཚད་ཆུ་ཚོད་གཅིག་གིས་མགྱོགས་སུ་ཕྱིན་ཚེ་ནང་དོན་གསར་པ་དང་ཡང་ན་དེ་ལས་བྱུང་བའི་ཤུགས་རྐྱེན་དེ་བས་མང་པོ་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གཉིས་པར”ཕྱིར་མིག་བལྟས་ཚེ། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལས་རྩོམ་ལམ་དུམ་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་གི་མྱུར་མགྱོགས་བགྲོད་ལམ། བསྐལ་ལའི་ཕུག་ལམ། ཡར་ཀླུང་གཙང་པོའི་ཟམ་ཆེན་བཅས་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་ལྕགས་ལམ་ལེགས་གྲུབ་བྱུང་ནས་འཁོར་གཉེར་ཐུབ་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་རིམ་མཐོ་ཅན་དུ་བསྒྱུར་པ་དང་ལྕགས་ལམ་གྱི་མ་ལམ་སྣུར་སྲིང་བྱས་པ་བརྒྱུད་བོད་དབུས་ལྷོའི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་སྐབས། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ཛ་དྲག་དང་རིམ་ལྡན་ངང་སྤེལ་ནས་སང་ལོར་ལེགས་འགྲུབ་ཡོང་བ་བྱ་རྒྱུ་དང་། ལྷ་ཉིང་ལྕགས་ལམ་ལས་གྲྭ་སྔར་བས་ཧུར་ཐག་སྤེལ་བཞིན་ཡོད་པ། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཟླ་8ཚེས་26ཉིན་ནས་སྐྲུན་འགོ་བཙུགས་པ། ཉིང་ཁྲི་སྨན་གླིང་གནམ་ཐང་གི་གནམ་ཐང་ཁུལ་རྒྱས་སྐྲུན་ལས་གྲྭ་འདི་ལོ་ལེགས་སྒྲུབ་བྱ་རྒྱུ། ལྷ་སའི་གྲོང་སྐོར་ལམ་གྱི་ལས་གྲྭ་གཙོ་བོ་འདི་ལོ་ལེགས་སྒྲུབ་བྱ་རྒྱུ། ལྷ་ས་ནས་ནག་ཆུ་བར་གྱི་རིམ་མཐོའི་གཞུང་ལམ་དང་། ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ཆེད་སྤྱོད་ལྕགས་ལམ་གྱི་དུས་འགོའི་ལས་དོན་ཏན་ཏིག་ངང་སྤེལ་བ་བཅས་རེད།
         རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཱ་ཅིང་ལེན་གྱིས། གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཛུགས་སྐྲུན་བརྒྱུད་རིམ་ལྡན་པའི་ངང་སྤེལ་ནས་རིམ་པ་མཐོ་རུ་བཏང་སྟེ་གནད་སྦྲེལ་ཐིག་ཆགས་བྱ་རྒྱུ་དང་། དེ་སྔའི་བོད་དབུས་ལྷོའི་འགྲིམ་འགྲུལ་གཙོ་བོ་གཞུང་ལམ་དྲ་བར་བརྟེན་ཡོད་པ་དང་། ད་ཆ་རིམ་མཐོའི་གཞུང་ལམ་དང་། གྲོང་ཁུལ་དང་དེ་བཞིན་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ལངས་གཟུགས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བསྐྲུན་པས། འགྲིམ་འགྲུལ་མགྱོགས་མྱུར་སྟབས་བདེ་ཆགས་པ་མ་ཟད། ད་དུང་མང་ཚོགས་ཕྱིར་སྐྱོད་ཀྱི་དགོས་མཁོ་ཡང་སྐོང་ཐུབ་ཅེས་བཤད་པ་རེད།
         མིག་སྔར་མི་རྣམས་ལ་བོད་དབུས་ལྷོའི་དཔལ་འབྱོར་ཁུལ་གྱི་འགྲིམ་འགྲུལ་མྱུར་ཚད་ཆུ་ཚོད་གཅིག་གིས་མགྱོགས་སུ་ཕྱིན་པ་ལས་བྱུང་བའི་རུབ་བསྡུས་ཕན་ནུས་དང་འགྲན་རྩོད་ལེགས་ཆ་མངོན་གསལ་དོད་པོས་མྱོང་ཚོར་བྱུང་ཡོད། ལྷ་ས་སོགས་ལྟེ་བའི་གྲོང་ཁྱེར་དག་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་ལྟ་བུ་དང“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་དང་སྦྲེལ་མཐུད་བྱེད་པའི་ལྟེ་བར་འགྱུར་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།