འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་བོད་རིགས་ས་ཁུལ་གྱི་བཀྲ་ཤིས་པའི་བྱ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དགུན་ཟླ་ར་བའི་མཚམས་སུ། ས་མཐོའི་བོད་རིགས་ས་ཁུལ་མང་པོར་གངས་བབས་ཤིང་། ས་བབ་མཐོ་ཚད་སྨི་4783ཟིན་པའི་འབའ་ཐང་རྫོང་ཡར་རི་སྒང་ཤང་མདོ་ཤུད་གྲོང་ཚོའི་གནམ་གཤིས་གྲང་མོ་ཡོད་པ་རེད། ནམ་དུས་འདིར་ཁྱིམ་ཚང་ཕལ་མོ་ཆེ་ཕྱིར་ལས་ཀ་བྱེད་པར་འགྲོ་བ་ཉུང་ཉུང་ཡིན་ནའང་། ཟླ་11ཚེས་9ཉིན་མདོ་ཤུད་གྲོང་ཚོའི་མང་ཚོགས་རྣམས་ཞོགས་སྔ་ལངས་ཀྱིས་ལུས་ལ་གཟབ་མཆོར་སྤྲས།
         ཉིན་དེར་ཡུལ་མི་རྣམས་ཀྱིས་མདོ་ཤུད་གྲོང་ཚོར་ལམ་ཤར་བགྲོད་ཐུབ་པའི་བཀྲ་ཤིས་པའི་བྱ་བར་རྟེན་འབྲེལ་ཞུས་པ་རེད། མདོ་ཤུད་གྲོང་ཚོ་དེ་ས་བབ་མཐོ་ཞིང་ཁོར་ཡུག་ཞན་པའི་ཁར་ལམ་བཟོ་བར་དཀའ་ངལ་ཤིན་ཏུ་ཆེ་བར་བརྟེན། གྲོང་ཚོ་དེ་ཁེར་ཆགས་གླིང་ཕྲན་ལྟ་བུ་ཞིག་ཏུ་གྱུར།
         “མདོ་ཤུད་གྲོང་ཚོའི་མང་ཚོགས་འབའ་ཐང་རྫོང་ལ་ཐེངས་གཅིག་འགྲོ་བར་རྐང་ཐང་མ་དང་། རྟ་བཞོན་པ། རླངས་འཁོར་སྡོད་པ་བཅས་བྱས་ཏེ་ཉིན་གཅིག་ལྷག་ཙམ་འགོར་ལ་ལྷག་པར་དུ་ནད་གཞི་ཕོག་སྐབས་དཀའ་ངལ་ཆེན་པོ་ཡོད”ཅེས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཡེ་ཤེས་ཀྱིས་ལམ་མེད་ན་དཀའ་ངལ་ཇི་འདྲ་བྱུང་ཚུལ་སྐོར་མྱོང་བ་ཟབ་མོའི་ངང་བཤད། གྲོང་ཁྱེར་ལ་འགྲོ་རྒྱུ་སྟབས་བདེ་མེད་ལ་སྤྱིར་བཏང་མཁོ་ཆས་ཉོ་རྒྱུར་ཡང་དཀའ་ངལ་ཆེ། ཡེ་ཤེས་གྲོང་ཚོར་ཡོང་རིམ་བཞིན་ཡུལ་མིར་མཁོ་ཆས་ཁ་ཤས་འཁྱེར་རོགས་བྱེད་ཀྱི་ཡོད། རི་མཐོ་ལ་ལམ་ཐག་རིང་བ་དང་ཕུ་མདའ་རིང་བའི་དབང་གིས་མདོ་ཤུད་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་གྲོང་ཚོར་རླངས་འཁོར་ཤར་བགྲོད་ཐུབ་ནས་མི་རྣམས་ཀླུང་ལ་མགྱོགས་ཙམ་སླེབས་རྒྱུའི་འདུན་པ་འཆང་གི་ཡོད།
         2015ལོའི་ཟླ་11ཚེས་9ཉིན་ས་འབུད་འཕྲུལ་འཁོར་དང་འདེགས་འབེབས་འཕྲུལ་འཁོར་མདོ་ཤུད་ཤང་ལ་བཏང་ནས་གྲོང་ཚོའི་ལམ་ཤར་གཏོང་གི་ལས་གྲྭ་དངོས་སུ་འགོ་བརྩམས། “ལམ་བཟོ་འགོ་ཚུགས་པའི་ཉིན་དེར་ཡུལ་མི་ཚོས་དགའ་སྤྲོའི་ངང་ཤོག་སྦག་སྤར་ཏེ་རྟེན་འབྲེལ་ཞུས་པ་རེད”ཅེས་ཡར་རི་སྒང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་གྲགས་པས་བཤད།
         ལོ་གཅིག་རྗེས་ཀྱི་ཟླ་11ཚེས་9ཉིན་མ་དངུལ་སྒོར་ཁྲི་95བཏང་བའི་གྲོང་ཚོའི་ལམ་དངོས་སུ་ཤར་གཏོང་ཐུབ། “སྔོན་ཆད་རྫོང་གྲོང་ནས་གྲོང་ཚོར་བསྐྱོད་སྐབས་ཡར་རི་སྒང་ཤང་བརྒྱུད་དགོས་པས་ལམ་ཐག་སྤྱི་ལེ་200ལྷག་ཡོད་པ་དང་ད་ཆ་རྫོང་གྲོང་ནས་གྲོང་ཚོ་བར་རླངས་འཁོར་ཤར་གཏོང་ཐུབ་པས་སྤྱི་ལེ་52ཙམ་ལས་མེད་པ་དང་ཆུ་ཚོད་གསུམ་ལྷག་ཙམ་ལས་འགོར་གྱི་མེད། གྲོང་ཚོ་དེའི་དུད་ཚང་139ཡི་མི་600ལྷག་གི་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་སྦྲགས་ཡར་རི་སྒང་ཤང་གི་སྲིད་འཛིན་གྲོང་ཚོ་8དང་ས་འབྲེལ་གྱི་སྤོ་ཁོག་དང་རྫོང་རྩ་ཤང་གཉིས་ཀྱི་གྲོང་མིའི་འགྲོ་སྐྱོད་དཀའ་ངལ་བསལ་བས་མི་མང་པོ་མདོ་ཤུད་གྲོང་ཚོའི་ལམ་བརྒྱུད་ནས་གྲོང་ཁྱེར་དུ་སྐྱོད་ཀྱི་ཡོད། སྔོན་ཆད་མདོ་ཤུད་ཀྱི་ཡུལ་མི་གྲོང་ཁྱེར་དུ་བསྐྱོད་ན་མགྱོགས་ཤོས་སུ་ཆུ་ཚོད་6འགོར་གྱི་ཡོད་པ་དང་ད་ཆ་ཆུ་ཚོད་གཉིས་ལས་འགོར་གྱི་མེད་པས་མགྱོགས་ལ་སྟབས་བདེ་པོ་འདུག”ཅེས་བསོད་ནམས་གྲགས་པས་བརྗོད།
         མང་ཚོགས་དགའ་པོ་བྱུང་བ་ནི་གྲོང་ཚོའི་ལམ་ཤར་གཏོང་ཐུབ་པ་ཙམ་མིན་པར་ཚང་མར་རེ་འདུན་དེ་བས་ཆེ་བ་ཡོད་པས་རེད། “ལམ་ཤར་གཏོང་ཐུབ་པ་དེས་ང་ཚོའི་ནོར་དང་། བོད་བྱ། བོད་ཕག་བཅས་ཕྱིར་དབོར་ཐུབ་པ་དང་། ང་ཚོ་རང་ཉིད་ཀྱི་ཐོན་ལས་སྔར་བས་གོང་འཕེལ་གཏོང་ཐུབ་ལ་ཕྱུག་འགྱུར་ཡོང་ཐུབ་པས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཡེ་ཤེས་ཀྱིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་ཕྱིན་ཆད་གྲོང་མི་རི་མགོར་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་ཡང་ཉིན་ལྟར་རི་རུ་སྡོད་དགོས་ཀྱི་མེད་པ་དང་། གྲོང་ཚོའི་ལམ་བུ་བརྒྱུད་ནས་ཆུ་ཚོད་གཅིག་ཀྱང་མི་འགོར་བས་ཉིན་ལྟར་ཁྱིམ་དུ་ལོག་ནས་ངལ་གསོ་ཆོག ལམ་འདི་ཉིད་མདོ་ཤུད་གྲོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུར་འགྱུར་ངེས་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།