འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་
    ཐུགས་གྲ་ལེགས་འགྲིག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་18ཉིན་གྱི་ཆུ་ཚོད་13དང་སྐར་མ་59ཡི་ཐོག ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནང་སོག་གི་དབུས་རྒྱུད་སྔོན་བཀོད་ས་ཁོངས་སུ་བབས་པ་དང་། འཕུར་སྐྱོད་ལས་འགན་འཁུར་མཁན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གི་གཟུགས་གཞི་ཡག་པོ་ཡོད་པ་དང་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བཀོད་འདོམས་ལྟེ་གནས་སུ་འཕུར་གྲུ་ཕྱིར་ལོག་བྱེད་ཚུལ་དངོས་གཟིགས་པ་དང་འབྲེལ་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
          ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུ་ཟླ་10ཚེས་17ཉིན་གྱི་ཆུ་ཚོད་7དང་སྐར་མ་30ཡི་ཐོག་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། འཁོར་ལམ་ནང་འཕུར་སྐྱོད་བྱེད་རིང་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་དང་རང་འགུལ་ངང་སྦྲེལ་མཐུད་ཐེངས་གཅིག་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་2སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་སྡེབ་སྒྲིག་ཕུང་པོའི་ནང་ཉིན་30བསྡད་པ་དེས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་བར་སྣང་དུ་སྡོད་ཡུན་རིང་ཤོས་ཀྱི་ཟོན་ཐོ་གསར་པ་བཏོད་ནས་བར་སྣང་ཚན་རིག་གི་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་ལེགས་གྲུབ་ཐུབ་ཡོད།
          ཆུ་ཚོད་13དང་སྐར་མ་11ཡི་ཐོག པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་ས་ངོས་ཚད་ལེན་ཚོད་འཛིན་ས་ཚིགས་བརྒྱུད་ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུར་ཕྱིར་ལོག་གི་བཀའ་བཏང་ནས་འཁོར་ལམ་གྲུ་ཚང་དང་ཕྱིར་ལོག་གྲུ་ཚང་བདེ་བླག་ངང་ཁ་གྱེས་ཡོད། དེ་རྗེས་འཕུར་གྲུ་ཕྱིར་ལོག་གི་བཀག་གཏོང་སྒུལ་བྱེད་འཕྲུལ་འཁོར་གྱི་གློག་སྤར་ནས་ཕྱིར་ལོག་གྲུ་ཚང་དང་འབུད་འདེད་གྲུ་ཚང་ཁ་གྱེས་ཏེ་ས་ངོས་སུ་ལོག་འགོ་ཚུགས་ཡོད།
          ཆུ་ཚོད་13དང་སྐར་མ་59ཡི་ཐོག འཕུར་གྲུ་ཕྱིར་ལོག་གྲུ་ཚང་ནང་སོག་དབུས་རྒྱུད་སྔོན་བཀོད་ས་ཁོངས་སུ་བདེ་འཇགས་ངང་བབས་ཡོད། འཚོལ་སྐྱོབ་ཚུར་བསྡུའི་ལས་འགན་འཁུར་མཁན་ས་ཐོག་བབས་ཚུགས་དང་དེ་བཞིན་འཚོལ་སྐྱོབ་ཡན་ལག་རུ་ཁག་གིས་དུས་ཐོག་ཏུ་བབས་ས་ཤེས་རྟོགས་ཐུབ་ནས་འཕྲལ་མ་ཉིད་དུ་ཕྱིར་ལོག་གྲུ་ཚང་བབས་སར་འབྱོར་བ་རེད། ཕྱིར་ལོག་གྲུ་ཚང་གི་སྒོ་ཕྱེ་རྗེས་སྨན་བཅོས་ལྟ་སྐུལ་དང་སྨན་བཅོས་འགན་ལེན་མི་སྣས་འཇིག་རྟེན་འཕུར་སྐྱོད་པའི་གཟུགས་པོ་བདེ་ཐང་ཡིན་མིན་གཏན་འཁེལ་བྱས་པ་དང་འབྲེལ་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུར་གནས་ཚུལ་སྙན་སེང་ཞུས་པ་རེད།
           ཆུ་ཚོད་14དང་སྐར་མ་37ཡི་ཐོག མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲང་ཡིའུ་ཞ་ཡིས་སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བཀོད་འདོམས་ལྟེ་གནས་སུ་དེ་མ་ཐག་དགའ་སྤྲོའི་རྣམ་པས་ཁེངས་པ་དང་ཚང་མས་མཉམ་དུ་མི་སེམས་འགུལ་བའི་དུས་སྐབས་དེར་རྟེན་འབྲེལ་ཞུས་པ་རེད།
          སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཀྲང་ཀའོ་ལིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱལ་ཁའི་ངང་ལས་འགན་ལེགས་གྲུབ་ཐུབ་པའི་འཇིག་རྟེན་འཕུར་སྐྱོད་པ་དང་ད་ཐེངས་ལས་འགན་ནང་ཞུགས་མཁན་ཚན་རྩལ་ལས་དོན་པ་དང་། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།