འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་རང་རྒྱལ་གྱི་ཞིང་ཁ་འདེབས་འཇོག་རེས་མོས་ཀྱི་ཚོད་ལྟའི་ལས་དོན་གྱི་འཕེལ་
    རིམ་བདེ་བླག་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན་གྱི་སྔ་དྲོར། ཞིང་ལས་པུས་ཀུའེ་ཀྲོའུ་ཞིང་ཆེན་དུ་འཚོགས་པའི་ཞིང་ཁ་འདེབས་འཇོག་རེས་མོས་དང་སོན་སྣ་རེས་འདེབས་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར་རང་རྒྱལ་གྱི་ཞིང་ཁ་འདེབས་འཇོག་རེས་མོས་ཚོད་ལྟའི་ལས་དོན་སྤེལ་ནས་ལོ་ཕྱེད་ཕྱིན་རིང་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།
         འདི་ལོའི་ཟླ་དྲུག་པར། ཞིང་ལས་པུས་ནོར་སྲིད་པུའུ་སོགས་སྡེ་ཚན་དང་ཚན་པ་10དང་མཉམ་དུ་《ཞིང་ཁ་འདེབས་འཇོག་རེས་མོས་དང་སོན་སྣ་རེས་འདེབས་ལམ་ལུགས་འཚོལ་ཞིབ་ལག་བསྟར་བྱེད་པའི་ཚོད་ལྟའི་ཇུས་གཞི་》པར་འགྲེམས་བྱས་ནས་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཚོད་ལྟའི་ལས་དོན་སྤེལ་ཚུན་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་སྟེ། སྒྲིག་འཛུགས་བྱེད་སྟངས་ཐད། ཞིང་ཆེན་རིམ་པས་གཅིག་འདོམས་བྱེད་པ་དང་། རྫོང་དུ་འགན་འཁྲི་དོན་འཁྱོལ་བྱེད་པ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ། དུད་ཆེན་གྱིས་དཔེ་སྟོན་བྱེད་པ་བཅས་བྱས་པས་སྒྲིག་འཛུགས་བྱེད་སྟངས་དང་ལས་དོན་ལམ་སྲོལ་ནུས་ལྡན་ཆ་ཚང་ཞིག་ཆགས་ཡོད་པ་རེད། རྒྱབ་སྐྱོར་སྲིད་ཇུས་ཐད། ཀྲུང་དབྱང་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་ཐོག་ཁ་གསབ་ཚད་གཞི་འོས་འཚམ་གཏན་འཁེལ་བྱས་ནས་སོན་སྣ་རེས་འདེབས་ཞིང་དུད་ཀྱི་ཡོང་འབབ་ཉུང་དུ་མི་འགྲོ་རྒྱུ་དང་ཞིང་ཁ་འདེབས་འཇོག་རེས་མོས་ཞིང་དུད་ཀྱི་ཡོང་འབབ་འགན་ལེན་བྱས་པ་དང་། དེ་དང་ཆབས་ཅིག་ཞིང་མིན་ལ་འགྱུར་བ་དང་ཞིང་སྐྱུར་ཞིང་འདོར་གཏན་འགོག་གིས་ཐོན་ནུས་སྲུང་སྐྱོང་བྱས་ནས་འཕྲལ་དུ་དགོས་མཁོ་བྱུང་ཚེ་སོན་སྣ་རེས་འདེབས་བྱ་སའི་ཞིང་ཁར་ང་ཚོར་མཁོ་བའི་སོན་སྣ་འདེབས་ཐུབ་རྒྱུ་དང་འདེབས་འཇོག་རེས་མོས་བྱ་སའི་ཞིང་ཁ་འདེབས་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།
         ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས། འདི་ནི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ལྗང་མདོག་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་དང་ལག་རྩལ་མ་དཔེ་གཅིག་སྡུད་བྱས་ནས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ལྷོད་མེད་ཀྱིས་ཞིང་ཁ་འདེབས་འཇོག་རེས་མོས་དང་སོན་སྣ་རེས་འདེབས་ལས་དོན་དེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།