འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་ལ་རྒྱལ་སྤྱིའི"སྤྱི་ཚོགས་འགན་སྲུང་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ"ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་20ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་སྤྱི་ཚོགས་འགན་སྲུང་མཐུན་ཚོགས་ཀྱིས་ཉིན་ཤས་གོང་ཕ་ན་མར་འཚོགས་པའི་གོ་ལ་ཧྲིལ་པོའི་ཚོགས་ཆེན་སྐབས་སོ་གཉིས་པའི་རིང་། “སྤྱི་ཚོགས་འགན་སྲུང་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ”(2014—2016)དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ལ་སྤྲད་དེ། ཀྲུང་གོས་ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ཁྲོད་བླངས་པའི་གྲུབ་འབྲས་ཕུལ་བྱུང་ལ་གཟེངས་བསྟོད་བྱས་པ་རེད།
         བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་དབྱིན་ཝེ་མིན་གྱིས། འཛམ་གླིང་གི་རྒྱལ་ཁབ་ཁག་གི་ལས་རིགས་གཅིག་པ་རྣམས་ལ་སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་གཏོང་བའི་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་ངོ་སྤྲོད་གནང་ཞིང་། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་30ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་གི་སྒྲོམ་གཞི་གཞི་རྩའི་ཆ་ནས་བཙུགས་ཡོད། མིག་སྔར་སྤྱི་ཚོགས་འགན་བཅོལ་རིགས་ཆེན་པོ་ལྔའི་ནང་ཞུགས་ཚད་འདི་ལྟ་སྟེ། རྒན་གསོ་འགན་བཅོལ་ལ་ཞུགས་ཚད་མི་དུང་ཕྱུར་8.7དང་། སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་མི་དུང་ཕྱུར་13ལྷག་ཙམ། ལས་རྨས་འགན་བཅོལ་ལ་ཞུགས་ཚད་མི་དུང་ཕྱུར་2.16 ལས་ཤོར་འགན་བཅོལ་ལ་ཞུགས་ཚད་མི་དུང་ཕྱུར་1.78 བུ་བཙའི་འགན་བཅོལ་ལ་ཞུགས་ཚད་མི་དུང་ཕྱུར་1.82བཅས་སོ་སོར་ཟིན་ཡོད་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཁྱབ་ཚད་80%ཡན་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཚད་95%ལྷག་ཙམ་ཟིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ད་དུང“དཀའ་ངལ་མཉམ་སེལ་འཆར་གཞི”དང་། “དུས་བདེ་འཆར་གཞི”“དམངས་ཡོངས་འགན་ཞུགས་འཆར་གཞི”སོགས་དམིགས་སའི་རང་བཞིན་ལྡན་པའི་ཆེད་དོན་བྱེད་ཐབས་བཏོན་ནས་ཨར་སྐྲུན་ལས་རིགས་ཀྱི་ལས་མི་དང་། ཞིང་པ་ལས་མི། སྐབས་བསྟུན་ལས་ཞུགས་མི་སྣ་སོགས་ཀྱི་ཚོགས་སྤྱི་ལ་ཁྱབ་པར་བྱས་ཏེ། ཀྲུང་གོ་མི་དམངས“ཚང་མར་སྤྱི་ཚོགས་འགན་སྲུང་ཡོད་རྒྱུར”སྐུལ་འདེད་ནན་ཏན་གཏོང་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས། འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོད་ཆེད། ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་ཐོག་སྔར་བས་དྲང་བདེན་དང་སྔར་བས་རྒྱུན་མཐུད་ཆོག་པ་ཡོང་རྒྱུ་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་སྐྱོང་གི་འབད་འབུངས་ཁ་ཕྱོགས་སུ་བརྩིས་ནས་2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀའི་ཡུལ་མི་ཚང་མར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་ཕྱོགས་ཡོངས་ནས་འཛུགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          རྒྱལ་སྤྱིའི་སྤྱི་ཚོགས་འགན་སྲུང་མཐུན་ཚོགས་ཀྱི་དྲུང་ཆེ་ཁང་ཁེ་ལེ་ཝུའུ་སི་ཅིས། གལ་སྲིད་ཀྲུང་གོ་མ་བརྩིས་ན། འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཁྱབ་ཚད་50%ལས་ཟིན་གྱི་མི་འདུག ཀྲུང་གོ་བརྩིས་ན་61%ཟིན་གྱི་འདུག ཀྲུང་གོས་འཛམ་གླིང་གི་སྤྱི་ཚོགས་འགན་སྲུང་ལས་དོན་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་ཆབས་ཅིག་རྒྱལ་ཁབ་གཞན་དག་ལ་མིག་དཔེ་ཡང་བསྟན་ཡོད། “ང་ཚོས་ཀྲུང་གོས་སྲིད་ཇུས་དང་། དོ་དམ་ནུས་པ། ཐོན་ཁུངས་མཐུན་སྦྱོར་གཅིག་གྱུར་བཅས་བརྒྱུད། སྤྱི་ཚོགས་འགན་སྲུང་གིས་མི་གྲངས་འབོར་ཆེན་དང་ས་ཁུལ་ཡངས་པོར་ཁྱབ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལག་བསྟར་བྱེད་འཐུས་ཀྱི་དེང་རབས་བྱེད་སྟངས་ཤིག་མཁོ་འདོན་བྱས་ཡོད། ཉམས་མྱོང་འདིས་སྤྱི་ཚོགས་འགན་སྲུང་མ་ལག་རིམ་སྤོར་དང་རྒྱ་སྐྱེད་བྱེད་བཞིན་པའི་རྒྱལ་ཁབ་དག་ལ་དཔེ་སྟོན་ནུས་པ་ཡག་པོ་འདོན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
         རྒྱལ་སྤྱིའི་སྤྱི་ཚོགས་འགན་སྲུང་མཐུན་ཚོགས་(དབྱིན་ཡིག་གི་བསྡུས་མིང་ལ་ISSAཟེར)ནི་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་དང་འཐུས་ཚབ་རང་བཞིན་རྒྱ་ཆེ་ཤོས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།