འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་དཀའ་
    ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང་དང་ཤང་གི་བྱ་གཞག་ཚན་པའི་ལས་
    མི་བསྡུ་བའི་ཆ་རྐྱེན་ལྷུག་ཏུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཕུལ་བྱུང་ཤེས་ལྡན་མི་སྣ་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང་དང་ཤང་གི་བྱ་གཞག་ཚན་པར་ལས་སྒྲུབ་ལས་གཏོད་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་དུ་ཤེས་ལྡན་མི་སྣ་གནས་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་དུས། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་《དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང་དང་ཤང་གི་བྱ་གཞག་ཚན་པའི་ཡོངས་བསྒྲགས་གདན་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང་དང་ཤང་གི་བྱ་གཞག་ཚན་པའི་ཡོངས་བསྒྲགས་ལས་མི་བསྡུ་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་སྲིད་ཇུས་བྱེད་ཐབས་དང་བླང་བྱ་བཏོན་ཡོད།
          བརྡ་ཐོའི་ནང་རྫོང་དང་ཤང་གི་བྱ་གཞག་ཚན་པའི་དོ་དམ་མི་སྣ་དང་དམའ་རིམ་ཆེད་ལས་ལག་རྩལ་མི་སྣ་བསྡུ་རྒྱུའི་ལོ་ཚད་ལོ་40མན་ཡིན་པ་དང་། ཤང་གྲོང་བྱ་གཞག་ཚན་པའི་ལས་དོན་མི་སྣ་བསྡུ་རྒྱུའི་སློབ་རྒྱུས་དམའ་ཤོས་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་པ)ཡིན་མོད། འོན་ཀྱང་ལས་རིགས་ཀྱི་ཆོག་འཐུས་སློབ་རྒྱུས་ཀྱི་བླང་བྱ་ལས་མི་དམའ་བ་བྱེད་དགོས། ཤང་གྲོང་བྱ་གཞག་ཚན་པའི་དོ་དམ་མི་སྣ་བསྡུ་རྒྱུའི་ཐད་ཆེད་ལས་ཀྱི་ཚོད་འཛིན་མེད། རྫོང་དང་ཤང་གི་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣ་བསྡུ་རྒྱུའི་ཐད་ཆེད་ལས་ཀྱི་བླང་བྱ་ལྷུག་ཏུ་འོས་འཚམ་གཏོང་རྒྱུ། ལས་གནས་ངེས་ཅན་ཞིག་མཁོ་འདོན་བྱས་ཏེ་རྫོང་དང་གྲོང་ཁྱེར་དེ་རང་ངམ་ཡང་ན་མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་གྱི་ཐེམ་ཐོ་ཡོད་མཁན་(སློབ་ཁུངས)བསྡུ་རྒྱུ་ཡིན་པ་གསལ་པོ་བཏོན་ཡོད།
          དེ་དང་ཆབས་ཅིག་ཤང་གྲོང་བྱ་གཞག་ཚན་པས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་ཐོན་སློབ་མ་བསྡུ་རྒྱུ་དང་། རྫོང་རིམ་པའི་བྱ་གཞག་ཚན་པས་འབྲིང་རིམ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་པའམ་ཡང་ན་རབ་འབྱམས་པ་ཡན་གྱི་སློབ་རྒྱུས་ལྡན་མཁན་བསྡུ་རྒྱུ། ལས་རིགས་དང་། ལས་གནས། དབུལ་སྒྲོལ་འགག་སྒྲོལ་བཅས་ལ་མཁོ་བའི་ཆེད་ལས་ཤེས་ལྡན་མི་སྣ་བསྡུ་རྒྱུའི་ཐད་གནས་ཚུལ་དངོས་ལ་གཞིགས་ནས་ངོ་འཕྲད་རྒྱུགས་ལེན་དང་རྩ་འཛུགས་ཀྱི་བརྟག་ཞིབ་སོགས་བྱེད་སྟངས་བརྒྱུད་ཡོངས་བསྒྲགས་ངང་བསྡུ་རྒྱུ། “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན། ནུབ་རྒྱུད་དང་བླངས་པ་སོགས་གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་མི་སྣ་དང་དམག་ཞབས་ཐིམ་པའི་ཧྲི་ཀོན་དང་དམག་མི་བཅས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆེད་དོན་ལས་མི་བསྡུས་ཆོག་ལ་རྩ་འཛུགས་ཀྱི་རྟོག་ཞིབ་བྱེད་རིང་ལས་ཀའི་དངོས་ཡོད་བྱས་རྗེས་ལ་མཐོང་ཆེན་བྱེད་ཤུགས་ཀྱང་ཆེ་རུ་གཏོང་ཆོག
          གཞན་ཡང་། དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང་དང་ཤང་གི་བྱ་གཞག་ཚན་པའི་འབྲིང་རིམ་དང་མཐོ་རིམ་ཆེད་ལས་ལག་རྩལ་ལས་གནས་བཀོད་སྒྲིག་གི་བསྡུར་ཚད་འོས་འཚམ་ངང་མཐོ་རུ་གཏོང་དགོས། མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ་བསྡུས་ནས་དམིགས་བཙུགས་ལས་གནས་བྱེད་ཐབས་སྤྱོད་ཆོག་པས་ལས་གནས་གྲུབ་ཆའི་བསྡུར་ཚད་ཀྱི་ཚོད་འཛིན་ཕོག་གི་མེད། ལས་གནས་རིམ་སྤོར་དང་གོ་མིང་དཔྱད་ཞིབ་སོགས་ཐད་རྫོང་དང་ལྷག་དོན་དུ་ཤང་གྲོང་བྱ་གཞག་ཚན་པར་གཟིགས་སྐྱོང་བྱེད་དགོས། ཤང་གྲོང་ལས་ཀའི་ཁ་གསབ་དང་། དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་ཕོགས་སྣོན། ས་བབ་མཐོ་བའི་ས་ཁུལ་གྱི་ལས་ཞུགས་ལོ་གྲངས་ཕབ་རྩིས་ཀྱི་ཁ་གསབ། ཆེ་འབྲིང་ཆེད་ཚན་སློབ་ཐོན་སློབ་མ་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང་དང་ཤང་དུ་ལས་ཀ་བྱེད་པར་བསྐྱོད་པར་སྔ་སྣུར་དུ་ཁོངས་མི་ངོ་མར་བསྒྱུར་ནས་རིམ་པ་གཏན་འཁེལ་བྱས་པའི་གཏན་འཇགས་གླ་ཕོགས། ཕོགས་ལྡན་ལོ་འཁོར་འཁོར་ཞག་ལམ་ལུགས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཤང་གྲོང་ས་ཚིགས་དང་ཁང་གི་ཕུལ་བྱུང་འགན་ཁུར་བ་ཤང་གྲོང་འགོ་ཁྲིད་ཚན་ཁག་ནང་འདེམས་བསྐོ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་ལེགས་སྐྱེས་འབུལ་ཕོད་པ་དང་དངོས་ཡོད་བྱས་རྗེས་མངོན་གསལ་དོད་པའི་བྱ་གཞག་ཚན་པའི་ལས་དོན་མི་སྣར་གཟེངས་བསྟོད་ཤུགས་ཆེན་བྱས་ཏེ་ཁོང་ཚོས་གཞི་རིམ་ལ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་ལྕག་སྐུལ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།