འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་ཨུད་12ཀྱིས་མཉམ་དུ་《བརྡ་ཐོ་》ཡོངས་བསྒྲགས་བྱས་ནས། ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། དཔྱིད་གསར་དུས་ཆེན་གོང་དུ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་དང་གྱོད་འབྲེལ་ཡོད་པའི་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་གཏོང་བ་དང་། གླ་ཆ་འགྱངས་ཆད་བྱས་རྐྱེན་གྱིས་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་བཏང་སྟེ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་གཞི་རྩའི་ཆ་ནས་ཐག་གཅོད་མཇུག་འགྲིལ་ཡོང་བ་དང་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་ཡག་པོ་བྱེད་པ། ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་དོགས་ཡོད་གྱོད་གཞི་དུས་ཐོག་ཏུ་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུ་རྩིས་སྤྲོད་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད། ཆེད་དོན་ཞིབ་བཤེར་2016ལོའི་ཟླ་11ཚེས་15ཉིན་ནས་འགོ་ཚུགས་ཏེ་2017ལོའི་དཔྱིད་གསར་དུས་ཆེན་གོང་བར་སྤེལ་རྒྱུ་ཡིན་པ་དང་། ཞིང་པ་ལས་མི་ཅུང་བསྡུ་མང་བའི་གྲོང་ཁྱེར་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཆུ་བེད་སོགས་འཛུགས་སྐྲུན་ལས་གྲྭའི་ཁེ་ལས་དང་། དེ་བཞིན་ལས་སྣོན་བཟོ་ལས་དང་བཟའ་བཏུང་ཞབས་ཞུ་སོགས་ངལ་རྩོལ་ནུས་ཤུགས་མང་འདུས་ཅན་གྱི་ཁེ་ལས་འབྲིང་ཆུང་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ལྷག་པར་དུ་སྲིད་གཞུང་གིས་མ་དངུལ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ཨར་ལས་བྱེད་མཁན་ཁེ་ལས་དང་། ལྕགས་དང་ངར་ལྕགས་དང་རྡོ་སོལ་སོགས་ཐོན་ནུས་ལྷག་དྲགས་པའི་ལས་རིགས་སོགས་ཀྱི་ཁེ་ལས་ལ་གཙོ་གནད་ཞིབ་བཤེར་བྱས་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
          ཆེད་དོན་ཞིབ་བཤེར་དུས་མཚམས་གཉིས་ལ་དབྱེ་རྒྱུ་ཡིན་པ་སྟེ། གཅིག་ནས། གཅིག་སྡུད་དྲིལ་བསྒྲགས་དང་རང་རྟོགས་ཞིབ་བཤེར་གྱི་དུས་མཚམས(2016ལོའི་ཟླ་11ཚེས་15ཉིན་ནས་30ཉིན་བར)ཡིན་ཞིང་། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་ཁྱེར་གྱི་མི་འབོར་གཅིག་སྡུད་ཁུལ་ལམ་ཡང་ན་འདུ་འཛི་ཆེ་ས་དང་། ཞིང་པ་ལས་མི་གཅིག་སྡུད་བྱེད་མང་བའི་ཨར་སྐྲུན་ལས་ཡུལ་དང་། གྲོང་ཁྱེར་གྱི་ཐང་ཆེན། མེ་འཁོར་བབས་ཚུགས། ཐག་རིང་རླངས་འཁོར་བབས་ཚུགས། གྲུ་ཁ་སོགས་ཀྱི་ས་གནས་སུ་དུས་གཅིག་ཏུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། བྱེད་ཐབས་སྣ་མང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། ངལ་རྩོལ་འགན་སྲུང་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཁྱབ་གདལ་བཏང་སྟེ། ཁེ་ལས་ཀྱིས་ཁྲིམས་ལྟར་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས། རྒྱ་ཆེའི་ཞིང་པ་ལས་མིས་བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་ཁྲིམས་ལྟར་དང་ལུགས་མཐུན་ངང་རང་ཉིད་ཀྱི་དབང་ཆ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད། གཉིས་ནི། ཁྲིམས་འཛིན་ཞིབ་བཤེར་དུས་མཚམས(2016ལོའི་ཟླ་12ཚེས་1ཉིན་ནས་2017ལོའི་དཔྱིད་གསར་དུས་ཆེན་གོང་ཉིན་བར)ཡིན་པ་རེད།
         《བརྡ་ཐོའི་》ནང་ཁེ་ལས་ཀྱིས་ཆད་དངུལ་གཙང་སྤྲོད་ཀྱི་འགན་འཁྲི་དང་ས་གནས་སྲིད་གཞུང་གི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ནས། ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་བྱ་རྒྱུ་དེ་སྲིད་གཞུང་གི་དཔྱད་ཞིབ་གདེང་འཇོག་དམིགས་ཚད་མ་ལག་ནང་བཅུག་ནས། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།