འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་དམག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཚན་མོའུ་དམག་
    དཔོན་གྱི་རྒྱལ་སྤྱིའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་16ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲུང་པུའི་ཞི་བདེ་སྲུང་སྐྱོང་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲུང་པུའི་ཞི་བདེ་སྲུང་སྐྱོང་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཉེར་བའི་རང་དམག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱེད་མཁན་ཚན་མོའུ་དམག་དཔོན་གྱི་རྒྱལ་སྤྱིའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ཟླ་11ཚེས་14ཉིན་པེ་ཅིང་དུ་སློབ་འགོ་ཚུགས་པ་རེད། ཀྲུང་གོ་དང་། སུའེ་ཏེན། ཕ་ཁི་སི་ཐན། ནེའུ་ཙི་ལན། མོ་ཞི་ཁོ་སོགས་གླིང་ཆེན་ལྔའི་རྒྱལ་ཁབ་22ཀྱི་སློབ་ཁྲིད་དམག་དཔོན་དང་སློབ་མ་39གསོ་སྦྱོང་ནང་ཞུགས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2015ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་དབུ་ཚོགས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་འདོད་དོན་ཞལ་བཞེས་གནང་བ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་བྱ་ཐབས་དངོས་ཤིག་ཡིན། 2016ལོ་ནས་བཟུང་། རྒྱལ་སྲུང་པུའི་ཞི་བདེ་སྲུང་སྐྱོང་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲུང་པུའི་ཞི་བདེ་སྲུང་སྐྱོང་ལྟེ་གནས་ཀྱིས་བསྟུད་མར་ཞི་བདེ་སྲུང་སྐྱོང་གི་ཆེད་མངགས་ཚོགས་པའི་མཐོ་རིམ་དཔོན་རིགས་དང་། ཞི་བདེ་སྲུང་སྐྱོང་བྱེད་མཁན་བུད་མེད་དཔོན་དམག དམག་དོན་ལྟ་ཞིབ་པ། ཞི་བདེ་སྲུང་སྐྱོང་གི་ཚན་མོའུ་དམག་དཔོན་སོགས་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་རྒྱལ་སྤྱིའི་གསོ་སྦྱོང་འཛིན་གྲྭ་རབ་དང་རིམ་པ་གཉེར་ནས། རྒྱལ་ཁབ་39ལ་ཚད་ལོན་གྱི་ཞི་བདེ་སྲུང་སྐྱོང་བྱེད་མཁན་མཐོ་རིམ་དང་འབྲིང་རིམ་གྱི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྦྱོང་བྱས་པ་དེ་ཐོག་ནས་ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་ཆེན་པོའི་འོས་འགན་དང་། འགན་འཁྲི། ལས་འགན་བཅས་སྒྲུབ་པའི་ལངས་ཕྱོགས་བརྟན་པོ་གང་ལེགས་མངོན་པ་ཞིག་རེད།
         གསོ་སྦྱོང་བྱེད་ཡུན་གཟའ་འཁོར་2ཡིན་པ་དང་། སློབ་ཚན་ཡོངས་རྫོགས་དབྱིན་ཡིག་ཐོག་ནས་ཁྲིད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚད་གཞི་ཞི་བདེ་སྲུང་སྐྱོང་གི་ནང་སྦྱོང་རྩ་གནད་ལ་གཞིགས་ནས་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། ཇུས་འདོན་ལས་འགོ ལད་མོའི་ནང་སྦྱོང་སོགས་རིགས་གསུམ་བཀོད་སྒྲིག་བྱས་པའི་ནང་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་གཞི་རྩའི་རྩ་དོན་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་། ཞི་བདེ་སྲུང་སྐྱོང་བྱེད་མཁན་གྱི་བྱ་སྤྱོད་ཚད་གཞི། ཆེད་མངགས་ཚོགས་པའི་རྩ་འཛུགས་ཀྱི་འཆར་གཞིའི་བཟོ་རིམ། ཉམས་ཉེན་དོ་དམ་སོགས་སློབ་ཚན་18ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།