འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་ལམ་གཙང་སེལ་བྱེད་པའི་མཚོ་བོད་ས་མཐོའི་ལྗང་མདོག་ས་ཚིགས་ཐོག་མ་དེ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ་ཁོར་ཡུག་སྲུང་སྐྱོང་པུའི་ཁོར་ཡུག་འཕེལ་རྒྱས་ལྟེ་གནས་ཀྱིས“མཚོ་བོད་ས་མཐོའི་ལྗང་མདོག་ས་ཚིགས་ཀྱི་མཚོན་རྟགས་བསྡུ་བའི”བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་པ་དང་ཆབས་ཅིག མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དེ་བས་ཡག་པོ་བྱེད་ཆེད། མཚོ་བོད་ས་མཐོའི་མཚོ་བོད་ལྗང་མདོག་ས་ཚིགས་ཐོག་མའི་རྣམ་གྲངས་ལས་འགོ་ཚུགས་པ་དང་། སྔོན་རྩིས་བྱས་ན། 2017ལོའི་དཔྱིད་དུས་སུ་དངོས་སུ་འཁོར་རྒྱུག་བྱེད་འགོ་འཛུགས་རྒྱུ་རེད།
         “མཚོ་བོད་ས་མཐོའི་ལྗང་མདོག་ས་ཚིགས”ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་དམངས་ཁྲོད་སྒྲིག་གཞིས་མཉམ་ལས་བྱས་ནས་མཚོ་བོད་གཞུང་ལམ་རྒྱུད་དུ་མཉམ་དུ་བཙུགས་པའི་གད་སྙིགས་འཚོལ་བསྡུའི་ས་ཚིགས་ཡིན་པ་དེས་གད་སྙིགས་འཚོལ་བསྡུ་གཙོ་བོར་བྱེད་པ་དང་། ཞོར་དུ་ཐག་རིང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པར་ཡོང་མཁན་ལ་དུས་ཐུང་ངལ་གསོ་རྒྱག་ས་མཁོ་འདོན་དང་། སྣོད་བཅུད་ཐོན་ཁུངས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ས་ཚིགས་ཤིག་རེད། མཚོ་བོད་ལམ་ཐིག་རྒྱུད་ཀྱི་མཛེས་ལྗོངས་ཀྱི་ཁྱད་ཆོས་དང་དེ་བཞིན་རིན་པ་མི་དགོས་པའི་སྤྱི་སྤྱོད་གསང་སྤྱོད་དང་། ཆུ་ཚ་པོ། དྲ་བ་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུར་བརྟེན་ནས་ཐག་རིང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་ལ་དུས་ཐུང་ངལ་གསོ་རྒྱག་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་པ་དང་འབྲེལ། སྒེར་འཁོར་གྱི་གད་སྙིགས་ལྗང་མདོག་ས་ཚིགས་ཀྱི་གད་སྙིགས་རིགས་དབྱེའི་གཞོང་པར་བླུགས་ཚེ་དྲིལ་བསྒྲགས་བྱེད་པའི་ཁྱད་ལྡན་དྲན་རྟེན་དངོས་པོ་སྣ་ཚོགས་བརྗེ་ཆོག དེ་རྗེས་མཚོ་བོད་གཞུང་ལམ་བརྒྱུད། སྟོང་པར་འགྲོ་བའི་རླངས་འཁོར་དུ་འཚོལ་བསྡུ་བྱས་པའི་གད་སྙིགས་གོར་མོ་གྲོང་ཁྱེར་དུ་གོང་ཁེའི་ངང་དབོར་ནས་གཅིག་སྡུད་ཐོག་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། དེ་རྗེས་གད་སྙིགས་དེ་དག་མཐའ་འཁོར་གྱི་གད་སྙིགས་སྦས་སར་དབོར་ནས“ཁ་ཐོར་བསྡུ་རུབ་དང་། ཐག་རིང་དབོར་འདྲེན། གཅིག་སྡུད་ཐག་གཅོད”བཅས་བྱ་རྒྱུ་རེད།
         ཀྲུང་གོ་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱི“ལྗང་མདོག་གཙང་ཆུའི”འགན་འཁུར་བ་དབྱང་ཤིན་གྱིས་མཚོ་བོད་གཞུང་ལམ་ནི་བོད་ཀྱི་སྐྱེལ་འདྲེན་གྱི་འཕར་རྩ་ཆེན་པོ་ཞིག་ཡིན་པ་དང་། ཟོག་འདྲེན་རླངས་འཁོར་ཁྲི་མང་པོ་དང་ཡུལ་སྐོར་བའི་སྒེར་འཁོར་མང་པོ་ཉིན་མཚན་ལྟོས་མེད་ངང་གཞུང་ལམ་དེར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། ཁུ་ནུ་རི་བོ་ནས་གདང་ལའི་བར་གྱི་སྤྱི་ལེ་450ཡི་མཚོ་བོད་གཞུང་ལམ་གྱི་གཞོགས་གཉིས་ལ་བརྟག་དཔྱད་བྱས་པར་གཞིགས་ན། 2013ལོ་ནས་ད་བར་ཁྱོན་གད་སྙིགས་ཁག་ཁྲི་16ཙམ་ཡོད་པའི་ནང་འགྱིག་དམ་དང་། ལྕགས་ཀྲིན། འགྱིག་ཤོག་དང་དེ་བཞིན་འགྱིག་ཤོག་ཐུམ་སྒྲིལ་གཞན་དག་ཚུད་པ་དང་། ལྕགས་རིགས་གད་སྙིགས་ཕུད། གཞན་དག་ཚང་མ་གཙོ་བོ་ཟས་རིགས་དང་བཏུང་བྱའི་ཐུམ་སྒྲིལ་དང་དེ་བཞིན་འཚོ་བའི་དངོས་ཟོག་ཐུམ་སྒྲིལ་གཞན་དག་ཡིན་པ་དེས་བརྟག་དཔྱད་བྱས་པའི་གད་སྙིགས་ཀྱི་སྤྱི་འབོར་གྱི་97%ཟིན་ཡོད་པ་དང་། དེ་དག་གཙོ་བོ་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་ཡུལ་སྐོར་བས་གང་བྱུང་དུ་དབྱུགས་པ་ཤ་སྟག་རེད། 2002ལོ་ནས་བཟུང་། ཐོག་ཐོན་གཙང་པོ་དང་ཁུ་ཁུ་ཤིས་རི་ཚུད་པའི་ལྗང་མདོག་གཙང་ཆུའི་མཚོ་བོད་ལམ་རྒྱུད་ཀྱི་འབྲི་ཆུའི་ཆུ་འགོས་བྲག་སྨུག་དང་། ཐོག་ཐོན་གཙང་པོ། ཤི་ཏ་ཐན་བཅས་གད་སྙིགས་སྦས་ས་བསྐྲུན་རྒྱུར་སྐུལ་མ་ཐེབས་པ་རེད།
         མིག་སྔར། མཚོ་བོད་ས་མཐོའི་གད་སྙིགས་གནད་དོན་ཐད་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཧའེ་ཁུན་གྱིས་འདི་ལོར་འབྲི་ཆུའི་ཆུ་འགོར་གད་སྙིགས་འཚོལ་བསྡུའི་ས་ཚིགས་དང་པོ་འཛུགས་རྒྱུ་ཡིན་པ་དང་འབྲེལ། གད་སྙིགས་འཚོལ་བསྡུའི་ས་ཚིགས་མང་པོ་བཙུགས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གད་སྙིགས་འཚོལ་བསྡུ་བྱ་རྒྱུ་ཡིན་ཞེས་བཤད།
         དེ་དང་ཆབས་ཅིག ལྗང་མདོག་ས་ཚིགས་དེ་དག་དབྱེ་འབྱེད་ཡག་པོ་བྱེད་ཆེད། མཚོ་བོད་ལྗང་མདོག་ས་ཚིགས་ཀྱིས་གོ་ལ་ཧྲིལ་པོར་འཚོལ་བསྡུ་བྱས་པའི་མཚོན་རྟགས་277གྱི་ཁྲོད་མཚོ་བོད་ལྗང་མདོག་ས་ཚིགས་ཁྲོད་ནས་བདམས་པའི་མཚོན་རྟགས་གཅིག་ཡོད་པ་དེའི་དོན་སྙིང་ནི“མཁའ་ལམ་ལྗང་མདོག་ཏུ་འགྱུར་བ་དང་། མཚོ་བོད་ས་མཐོ་དྭངས་གཙང་ཡོང་བ་བྱེད”ཅེས་པ་དེ་ཡིན། འབྱུང་འགྱུར་མཚོ་བོད་ལྗང་མདོག་ས་ཚིགས་བཙུགས་པ་དང་སྦྲགས། མཚོ་བོད་གཞུང་ལམ་རྒྱུད་ཀྱི་གད་སྙིགས་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།