འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པད་མ་རྫོང་དུ་ཁྱད་ལྡན་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་འདེབས་གསོའི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་གྱིས་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཏེ། བོད་ཇ་དང་། སྨན་རྩྭ། ཡུལ་སྐོར། སྔོ་ཚལ་དྲོད་ཁང་ཆེ་མོ། ལག་ཤེས་བཟོ་རྩལ། གསོ་ཚགས་སོགས་འདེབས་གསོ་དང་། ལས་སྣོན་ཞིབ་ཚགས། གསར་སྤེལ་བཅས་ཀྱིས་འབྲེལ་ཟམ་བྱས་ནས། ཞིང་ཞོར་ཐོན་ཟོག་འདེབས་འཛུགས་དང་། ལས་སྣོན། ཐོན་སྐྱེད་སོགས་ཐོན་ལས་སྦྲེལ་ཐག་བཏོད་ཁར། ཕན་ནུས་ལ་སྐུལ་ཁྲིད་ཐུབ་པའི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་རྟགས་ཁག་གཅིག་བཏོད་པ་ལས་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།
         པད་མ་རྫོང་གིས་རྒྱལ་ཁབ་ཀྱི་སྣོད་བཅུད་འཛུགས་སྐྲུན་གྱི་གོ་སྐབས་དམ་པོར་བཟུང་བ་དང་། རི་སྐྱེས་བོད་ཇའི་ཐོན་ཁུངས་གསར་སྤེལ་ཐོད་བརྒལ་བྱེད་སར་བརྩིས་ནས་ཤང་གྲོང་ཁག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཧུར་ཐག་བཙལ་བ་རེད། སྟག་མཁར་ཤང་ནི་རྫོང་དེའི་ཆེས་དབུལ་ཤོས་ཀྱི་ཤང་ཞིག་ཡིན་པ་དང་རྫོང་དེས་གནད་སྨིན་དབུལ་སྐྱོར་སོགས་རྣམ་གྲངས་ལ་བརྟེན་ནས། ས་གནས་དེ་གའི་ལྕུམ་རྩྭ་དང་གྲོ་མ་སོགས་སྨན་རྩྭ་གསར་སྤེལ་གྱིས་འབྲོག་པ་མང་ཚོགས་ཚོར་འབབ་འཕར་ཡོང་ཐབས་བྱས་པ་མ་ཟད། ཤང་དེས་ད་དུང་ཞིང་འབྲོག་པའི་མཉམ་ལས་ཁང་བཙུགས་ཏེ“མཉམ་ལས་ཁང་+ཞིང་དུད”ཀྱི་རྣམ་པའི་ཐོག་ནས་ལྕུམ་རྩྭ་དང་གྲོ་མ་འདེབས་འཛུགས་དང་ཕྱིར་ཚོང་ལ་དོ་དམ་བྱས་ནས་འབྲོག་པ་མང་ཚོགས་ཀྱི་སེམས་ཁྲལ་བསལ་བ་རེད།
         མིག་སྔར། སྟག་མཁར་ཤང་དུ་རི་སྐྱེས་ལྕུམ་རྩྭ་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.67ཡོད་པ་ལས་ལོ་རེར་ཐོན་འབབ་སྤྱི་རྒྱ་60000ལྷག་ཟིན་པ་དང་། རེ་སྐྱེས་གྲོ་མ་སྤྱི་ཆིང་ཁྲི་1.34ཡོད་པ་ལས་ལོ་རེར་སྤྱི་རྒྱ་5000བཀོག་ཐུབ་པ་དང་གསོག་ཚད་སྤྱི་རྒྱ་30000ཡོད་པ་མ་ཟད། ཁྱད་ལྡན་ཡུལ་ཟོག་གཉིས་ཀར་གསར་སྤེལ་གྱི་རིན་ཐང་ཅུང་ཆེ་ཙམ་ཡོད། 2015ལོར་ཤང་དེས་སྤུས་ལེགས་གྲོ་མའི་སོན་བཟང་ནང་འདྲེན་བྱས་ནས་སྤྱི་ཆིང་0.07ཚོད་འདེབས་བྱས་པར་ཐོན་འབབ་སྤྱི་རྒྱ་200ཟིན་ཏེ་ཕན་འབྲས་སྒོར་12000ཐོན་པ་རེད།
         ད་ཆ། པད་མ་རྫོང་སེ་ལེ་ཐང་གྲོང་རྡལ་དུ་ཐོན་ལས་ཅན་གྱི་ཚོང་གཉེར་དང་སྤྲོ་གསེང་རོལ་རྩེད་གཞི་གཅིག་ཏུ་བསྒྲིལ་བའི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་བཏོད་པ་དང་། ཡར་ཐང་ཤང་གི་སྔོ་ཚལ་དྲོད་ཁང་ཆེ་མོ། ལྕགས་རི་ཐང་ཤང་གི་མ་ཎི་རྡོ་བརྐོས་ལག་ཤེས་བཟོ་རྩལ་ཁང་། དྷི་མདའ་ཤང་གི་སྔོ་ཚལ་འདེབས་གསོ། སྟག་མཁར་ཤང་གི་ལྕུམ་རྩྭ་དང་གྲོ་མ་སོགས་སྨན་རྩྭ། གྱི་མཁར་ཤང་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་། སྨར་ཁོག་ཤང་བཞོན་མ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་། གྲུབ་ཆེན་ཤང་སྤོས་བཟོ་གྲྭ རྡོ་གོང་མ་ཤང་གསོ་ཚགས་དང་འདེབས་གསོའི་ལས་རིགས་བཅས་བཙུགས་པ་ལས“ཁྱོད་ལ་མེད་པ་ང་ལ་ཡོད་པ་དང་། ཁྱོད་ལ་ཡོད་ཀྱང་ངའི་འདི་ལེགས་པ། ཁྱོད་ཀྱི་ལེགས་ཀྱང་ངའི་འདིར་ཁྱད་ཆོས་ལྡན”ཞེས་པའི་ཚོང་གཉེར་འདུ་ཤེས་གྲུབ་ཁར། ཁྱད་ལྡན་འདེབས་གསོར་བརྟེན་ནས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་འདེབས་གསོ་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་ཐབས་ལམ་གསར་པ་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།