འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་གྲུ་ཨང་བཅུ་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ལུས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་
    ལྗིད་ཤོར་དུས་དང་འཕྲོད་ཐུབ་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་ཕྱི་དྲོ་གསར་འགོད་པས་འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་འཁུར་མཁན་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གཉིས་ཀྱི་ལུས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་ལྗིད་ཤོར་དུས་དང(ལུས་པོ་འཕྱོ་ལྡིང་དུ་གནས་པའི་དུས)འཕྲོད་ཐུབ་པ་བྱུང་ཡོད་པ་རེད།
         ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་འཁོར་ལམ་ཐོག་འཕེན་གཏོང་བྱས་ཚུན་འཇིག་རྟེན་འཕུར་སྐྱོད་པ་གཉིས་ཀྱིས་སྔ་རྗེས་སུ་ལག་པས་ཚོད་འཛིན་གྱི་བཀའ་གཏོང་དང་། ཚུར་ལོག་འཕུར་གྲུའི་སྒོ་འབྱེད། གྱོན་གོས་བརྗེ་ལེན། གསོ་རིག་བརྟག་དཔྱད་སོགས་ཀྱི་ལས་དོན་ལེགས་གྲུབ་ཟིན་ནས་འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་ཀྱི་ས་ངོས་རྒྱབ་སྐྱོར་མི་སྣར་གསོ་རིག་ཐད་ཀྱི་ལྟ་སྐུལ་ཁ་པར་བརྒྱབ་པ་དང་། མིག་སྔར་ལུས་སེམས་གནས་ཚུལ་ཡག་པོ་ཡོད་པ་དང་། ལྟོ་ཆས་བཟའ་རྒྱུ་དང་གཉིད་ཉལ་རྒྱུ་རྒྱུན་གཏན་བཞིན་ཡོད་པའི་ཁར་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།
         “འཇིག་རྟེན་འཕུར་སྐྱོད་པ་གཉིས་ཀྱི་བྱེད་སྟངས་ལ་ང་རང་ཧ་ཅང་བློ་ཡིད་ཚིམ་པོ་འདུག”ཅེས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་འཇིག་རྟེན་འཕུར་སྐྱོད་པའི་མ་ལག་གི་སྤྱི་ཁྱབ་ཇུས་འགོད་པ་ཧོང་ཝུའེ་ཧྥུན་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་ཚེས་18ཉིན་གྱི་ཕྱི་དྲོའི་བར་འཇིག་རྟེན་འཕུར་སྐྱོད་པ་གཉིས་ཀྱི་ལུས་པོའི་གནས་ཚུལ་ཡག་པོ་ཡོད་པའི་ཁར་ལས་དོན་ཁག་ཧ་ཅང་བདེ་བླག་བྱུང་ཡོད་ཅེས་བརྗོད་ཀྱི་འདུག
         ཚེས་18ཉིན་གྱི་ཕྱི་དྲོའི་བར་འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་ཀྱི་ས་ངོས་རྒྱབ་སྐྱོར་མི་སྣས་འཇིག་རྟེན་འཕུར་སྐྱོད་པར་གསོ་རིག་ཐད་ཀྱི་ལྟ་སྐུལ་ཁ་པར་ཐེངས་གཉིས་བརྒྱབ་ཅིང་། འཇིག་རྟེན་འཕུར་སྐྱོད་པའི་ལྟེ་གནས་ཀྱི་གསོ་རིག་ལྟ་ཞིབ་སྨན་བཅོས་འགན་ལེན་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝུའུ་པིང་གིས“ལུས་ཁམས་ཀྱི་གྲངས་གཞི་དང་ལུས་པོའི་ཚོར་སྣང་ནས་བལྟས་ན་འཇིག་རྟེན་འཕུར་སྐྱོད་པ་གཉིས་ལྗིད་ཤོར་དུས་དང་འཕྲོད་ཐུབ་པ་བྱུང་ཡོད”ཅེས་གསར་འགོད་པར་བརྗོད་ཀྱི་འདུག
         འཇིག་རྟེན་འཕུར་སྐྱོད་པ་དང་བར་སྣང་བཀོལ་སྤྱོད་རྒྱབ་སྐྱོར་ཁང་དུ་གསར་འགོད་པར་ས་ངོས་རྒྱབ་སྐྱོར་ལས་གནས་སུ་ལས་རེས་བྱེད་བཞིན་པའི་ལྷ་གྲུ་ཨང་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་དང་ཐུག་འཕྲད་བྱུང་། ཁོང་གིས“བརྙན་ཤེལ་ཆེན་པོའི་ཐོག་ནས་བལྟས་ཚེ་ལས་རོགས་རྒན་གྲས་ཅིང་ཧའེ་ཕུང་ཧ་ཅང་བདེ་པོ་འདུག རྟག་ཏུ་འཕུར་གྲུའི་སྒེའུ་ཁུང་ཕྱི་ངོས་ཀྱི་མཛེས་ལྗོངས་ལ་བལྟ་བ་དང་། ཁྲེན་ཏུང་མཁའ་དབྱིངས་སུ་སྐྱོད་ཐེངས་དང་པོ་ཡིན་རུང་། མཚོན་ཚུལ་ཧ་ཅང་ཡག་པོ་འདུག སྐབས་འགར་ལག་ནང་གི་སྨྱུ་གུ་འཁྱེར་ནས་ལྗིད་ཚད་ཤོར་བའི་ཁོར་ཡུག་མྱོང་རོལ་གང་ལེགས་བྱེད་བཞིན་འདུག”ཅེས་བརྗོད་པ་དང་། ཁོང་གིས“འཕེན་གཏོང་མ་བྱས་གོང་གྲ་སྒྲིག་བྱས་པ་ནས་མིག་སྔའི་བར་ལས་རོགས་རྒན་གྲས་ཅིང་ཧའེ་ཕུང་དང་ཁྲེན་ཏུང་གི་མཚོན་ཚུལ་ཧ་ཅང་ཡག་པོ་འདུག་པས་ངས་ཁོང་གཉིས་ལ་སྤོབས་པ་སྐྱེད་ཀྱི་འདུག”ཅེས་བརྗོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།