འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་དང་ཡུན་ནན་མཉམ་ལས་བྱས་ནས་ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་འབྱོར་འབྲིང་
    ཕྱོགས་སུ་བསྐྱོད་རྒྱུར་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “འདི་ལོ་བཏབ་པའི་རྩྭ་ཧྲེ་ཡེར་ཟླ་བ་གཉིས་ཙམ་སོང་རྗེས་ཕན་འབྲས་ཐོན་སོང”འདི་ལོ་གྲོང་རྡལ་གྱིས་ཚང་མར་རྩྭ་ཧྲེ་ཡེ་འདེབས་འཛུགས་བྱེད་དགོས་པའི་སྐུལ་སློང་བྱས་སོང་། ངས་ལྟ་ཚོད་བྱེད་སྙམས་ནས་མུའུ་1.3ཚོད་འདེབས་བྱས་པ་ཡིན། རྩྭ་ཧྲེ་ཡེ་མུའུ་གཅིག་ལ་སྒོར་8000རག་གི་རེད་སྙམ་པ་བསམ་པའི་ཡུལ་ལའང་འཆར་མྱོང་མེད་ཅེས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་སྤམ་རྩེ་རགས་གྲོང་རྡལ་ཐོབ་ཐང་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཉི་མས་བཤད།
         ཐོབ་ཐང་གྲོང་ཚོ་སྐམ་ཚའི་ལུང་ཤུར་རྒྱུད་དུ་གནས་པ་དང་དེ་སྔ་མང་ཚོགས་ཀྱིས་གཙོ་བོ་མ་རྨོས་ལོ་ཏོག་དང་ནས་བཏབ་ཀྱི་ཡོད། ངལ་ནུས་མ་གནས་ཕུད་ན་ཡོང་འབབ་མཐོ་པོ་རག་གི་མེད། སྤམ་རྩེ་རགས་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལི་ཁྲུན་གཡན་གྱིས་དེ་སྔ་གྲོང་རྡལ་ནང་སྐྱུ་རུ་དང་སྨན་རྒྱུ་སོགས་ཀྱི་སྐྱེ་དངོས་འདེབས་རྒྱུ་ཁྱབ་གདལ་བཏང་མོད། འོན་ཀྱང་ཕན་འབྲས་ཐོན་འགོར་བས་མང་ཚོགས་ཀྱི་ཧུར་སེམས་ཆེན་པོ་མེད་ཅེས་བཤད།
         “རྩྭ་ཧྲེ་ཡེ་འདེབས་རྒྱུ་ལམ་ལྷོངས་བྱུང་དོན་ནི་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་རྣམ་གྲངས་དང་ཁ་འབྲལ་ཐབས་མེད། འདི་ལོ་ཧྲང་ཧའེ་ཡིས་སྤམ་རྩེ་རགས་གྲོང་རྡལ་ལ་ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་སྒོར་ཁྲི་200བཏང་ཡོད”ཅེས་ལི་ཁྲུན་གཡན་གྱིས་བཤད།
         འདི་ལོའི་ལོ་སྟོད་དུ་ཧྲང་ཧའེ་ཡི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ས་ཆ་དངོས་སུ་རྟོག་ཞིབ་ཐེངས་མང་བྱས་རྗེས་ཡུལ་དེ་གའི་གནམ་གཤིས་ཁྱད་ཆོས་ལ་གཞིགས་ཏེ། རྩྭ་ཧྲེ་ཡེ་དང་འབྲུ་རིགས་ལི་མའེ་འདེབས་རྒྱུ་འཚམ་པོ་ཡོད་པའི་ངོས་འཛིན་བྱས། མིག་སྔར་གྲོང་རྡལ་དེ་ཡོངས་ཀྱི་གྲོང་ཚོ་7གྱི་དུད་ཚང་600ལྷག་ཙམ་གྱི་མང་ཚོགས་ཚོས་རྩྭ་ཧྲེ་ཡེ་མུའུ་320དང་འབྲུ་རིགས་ལི་མའེ་མུའུ་500བཏབ་ཡོད།
         གྲོང་མིའི་བྲིན་ཚོང་གནད་དོན་ཐག་གཅོད་བྱ་ཆེད། སྤམ་རྩེ་རགས་གྲོང་རྡལ་དུ་རྩྭ་ཧྲེ་ཡེའི་ལས་སྣོན་སྐྱེ་དངོས་འཚོ་བཅུད་རིལ་བུ་དང་འབྲུ་རིགས་ལི་མའེ་སྤྱད་དེ་སྦི་རག་ཐོན་སྐྱེད་བྱེད་མཁན་ཁེ་ལས་གདན་དྲངས་པ་མ་ཟད། འདེབས་འཛུགས་དུད་ཚང་དབར་ཉོ་སྒྲུབ་གྲོས་མཐུན་བཞག་པ་རེད།
         སྤམ་རྩེ་རགས་ཐོན་ལས་རོགས་སྐྱོར་རྣམ་གྲངས་ནི་ཧྲང་ཧའེ་དང་ཡུན་ནན་རོགས་སྐྱོར་མཉམ་ལས་བྱས་པའི་བསྡུས་རིས་ལྟ་བུ་ཞིག་ཡིན་ཞིང་། ཀྲུང་གོའི་ཤར་རྒྱུད་དང་ནུབ་རྒྱུད་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མཉམ་ལས་རོགས་སྐྱོར་བྱེད་སྟངས་དེ་ནི་1996ལོར་འགོ་ཚུགས་པ་ཞིག་ཡིན་པ་དང་། དེ་དུས་ཧྲང་ཧའེ་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་འབྲེལ་བ་དངོས་སུ་བཙུགས་པ་རེད།
         2004ལོར་ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་ཀྱིས་བདེ་ཆེན་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས། ཅ་ཏིང་ཆུས་ཀྱི་རོགས་སྐྱོར་འདུན་པ་ནི་དཔལ་འབྱོར་རོགས་སྐྱོར་དང་སྤྱི་ཚོགས་སྤྱི་ཕན་ཟུང་འབྲེལ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་རོགས་སྐྱོར་ཟུང་འབྲེལ། དུས་ཐུང་རོགས་སྐྱོར་དང་ཡུན་རིང་རོགས་སྐྱོར་ཟུང་འབྲེལ་བཅས་བྱ་རྒྱུ་དེ་ཡིན།
         བདེ་ཆེན་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་དཔྱད་གཞིའི་ཡིག་རིགས་ལས་མངོན་དོན། མིག་སྔའི་བར་ཅ་ཏིང་ཆུས་ཀྱིས་སྔ་རྗེས་སུ་རོགས་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་1ལྷག་ཙམ་བཏང་བ་དེའི་ཁྲོད་གྲོང་ཁྱེར་རིམ་པས་མ་དངུལ་སྒོར་ཁྲི་9100སྤྱི་འདོམས་བྱས་ནས་བཏང་བ་དང་། འཆར་གཞིའི་ནང་མ་ཚུད་པའི་མ་དངུལ་སྒོར་ཁྲི་2530བཏང་བ། སྤྱི་ཚོགས་ལས་རིགས་ཁག་གིས་མ་དངུལ་སྒོར་ཁྲི་135.5ཞལ་འདེབས་ཕུལ་བ་རེད།
         བདེ་ཆེན་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ན་ཅེས“དབུལ་སྒྲོལ་འགག་སྒྲོལ་ནི་ཁ་གཏད་རོགས་སྐྱོར་གྱི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་རེད”བདེ་ཆེན་རྫོང་གི་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་བྱ་ཆེད། ཅ་ཏིང་ཆུས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་7656བཏང་ནས་བདེ་སྡོད་ལྟོ་གོས་གཉིས་འཛོམས་ཀྱི་གྲོང་ཚོ་3དང་། རང་བྱུང་གྲོང་ཚོ་80 སྒྲིག་གཞི་ཚང་བའི་གྲོང་ཚོ་13བཅས་ཀྱི་སྐུལ་འདེད་རྣམ་གྲངས་དང་། སྣོད་བཅུད་གནས་སྤོའི་འཛུགས་སྐྲུན་རྣམ་གྲངས་1 ཤང་གྲོང་ཏང་སྲིད་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་རྣམ་གྲངས་1བཅས་ལག་བསྟར་བྱས་པ་མ་ཟད། གྲོང་གསེབ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་ཁང་15གསར་སྐྲུན་བྱས་ཡོད། “ཁ་གཏད་རོགས་སྐྱོར་བྱ་རྒྱུ་གནས་ནས་གནས་ཐིག་ཁྱོན་གསུམ་གྱི་ཡུག་ཁུལ་དབུལ་སྐྱོར་ཕྱོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བཤད་པ་རེད།
         མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ངེས་པར་དུ་ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་བཏང་ནས“རང་བརྟེན”ནུས་པ་ཆེ་རུ་གཏོང་དགོས། དེར་བརྟེན་ཧྲང་ཧའེ་གྲོང་ཁྱེར་མིན་ཤིང་ཆུས་ཀྱིས་མ་དངུལ་སྒོར་ཁྲི་200བཏང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གིས་འདེབས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་། ཧྲང་ཧའེ་ཧོང་ཧའེ་སྨན་སྦྱོར་ཀུང་སི་དང་བདེ་ཆེན་ཀྲོའུ་འབའ་ལུང་རྫོང་དབར་ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྨན་རྒྱུ་ཉོ་སྒྲུབ་དང་། ལས་སྣོན། འདེབས་འཛུགས་སོགས་མཉམ་ལས་རྣམ་གྲངས་མང་པོ་ཞིག་ལག་ལེན་བསྟར་ནས་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
         བདེ་ཆེན་ཀྲོའུ་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཧོ་ཡུང་ཀྲུང་གིས“ཧྲང་ཧའེ་དང་ང་ཚོ་བདེ་ཆེན་དབར་སྤེལ་རེས་མཉམ་ལས་སྔར་བས་མང་དུ་འགྲོ་བཞིན་ཡོད”འདི་ལོའི་ལོ་སྟོད་དུ་ཧྲང་ཧའེ་གྲོང་ཁྱེར་མིང་ཧང་ཆུས་དང་། ཅ་ཏིང་ཆུས། པའོ་ཧྲན་ཆུས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། བདེ་ཆེན་རྫོང་། འབའ་ལུང་རྫོང་བཅས་སུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་བྱེད་པར་ཡོང་ཡོད་ཅེས་བཤད་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ལ་རོགས་སྐྱོར་རྣམ་གྲངས་16བཀོད་སྒྲིག་བྱས་པར་རོགས་སྐྱོར་མ་དངུལ་སྒོར་ཁྲི་6300བཏང་བ་དེ་2015ལོ་ལས་8%འཕར་ཡོད། རྣམ་གྲངས་དེ་དག་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་དང་། ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་བྱ་གཞག མི་ཤུགས་ཐོན་ཁུངས་གསར་སྤེལ་གསོ་སྦྱོང་སོགས་དང་འབྲེལ་བ་ཡོད། མིག་སྔར་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་ཐོན་ལས་འཕེལ་རྒྱས་རྣམ་གྲངས་གཏན་འཁེལ་དང་ཞིབ་མཆན་འགོད་པའི་ལས་དོན་ལེགས་གྲུབ་ཟིན་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།