འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་ཕན་འབྲས་གསར་པ་ཐོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་། རང་རྒྱལ་གྱིས་སྤུས་ཚད་དང་ལས་ཕྱོད་ཆེར་གཏོང་བྱས་ཏེ་དེང་རབས་ཞིང་ལས་འཕེལ་རྒྱས་བཏང་བ་དང་། ཞིང་པ་འབབ་འཕར་ཡོང་རྒྱུར་ཐབས་བརྒྱ་ཇུས་སྟོང་གིས་སྐུལ་འདེད་བཏང་བ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཕན་འབྲས་གསར་པ་ཐོན་པ་དང“ཞིང་གསུམ”རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། 
         ཟླ་བརྒྱད་པར། རྒྱལ་ཡོངས་ཞིང་ལས་ཀྱི་གྲོང་གསེབ་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་བརྟན་པོ་འགྲོ་ཚུལ་མངོན་ནས་ཐོན་སྐྱེད་རྣམ་པ་བརྟན་པོ་ཡོད་པ་དང་། ཁྲོམ་རའི་ཟོག་འབོར་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ། ལས་སྣོན་ལས་རིགས་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ། ཉོ་ཚོང་གི་གཏོང་ཉུང་ཡོང་མང་གི་ཧེ་བག་ཆུང་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་རིན་གོང་སྟོན་གྲངས་ཟླ་གོང་མ་ལས་2.5%འཕར་ནས་དུས་མཚུངས་ལས་4.3%ཆག་པ་དང་། “ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་སྡེབ་ཚོང་རིན་གོང་སྟོན་གྲངས་ཟླ་གོང་མ་ལས་3.0%འཕར་ནས་དུས་མཚུངས་ལས་4.9%ཆག་ཡོད་པ་རེད། 
         འབྲུ་རིགས་ཀྱི་སྣ་ཁ་ཕོན་འཕར་ཅན་གྱི་མཁོ་སྤྲོད་དང་ཕོན་འཕྲི་ཅན་གྱི་མཁོ་སྤྲོད་སྟངས་འཛིན་ཡག་པོ་བྱུང་ནས་སྤུས་ཚད་མཐོ་རུ་ཕྱིན་པ། ཟླ་བརྒྱད་པར། སྔ་སྨིན་འབྲས་ཐོན་ཚད་བརྟན་པོའི་ངང་ཅུང་ཉུང་འཕྲི་བྱས་པ་དང་སྟོན་འབྲུའི་སྐྱེ་དངོས་སྐྱེ་ཚུལ་སྤྱིར་ན་རྒྱུན་གཏན་ལྟར་རེད། འདེབས་འཛུགས་ཕན་འབྲས་དམའ་ཙམ་ཡོད་པ་དང་རང་བྱུང་གནོད་འཚེ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་འདི་ལོའི་སྔ་སྨིན་འབྲས་ཀྱི“རྒྱ་ཁྱོན་ཆུང་དུ་ཕྱིན་པ་དང་། མུའུ་རེའི་ཐོན་ཚད་ཆག་པ། སྤྱིའི་ཐོན་འབབ་ཅུང་ཉུང་དུ་ཕྱིན་པ”བཅས་ཀྱི་རྣམ་པ་མངོན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། སྔ་སྨིན་འབྲས་ཀྱི་ཐོན་འབབ་རྒྱ་མ་དུང་ཕྱུར་655.5ཟིན་པ་དེ་ན་ནིང་དང་བསྡུར་ན་རྒྱ་མ་དུང་ཕྱུར་18.2ཆག་སྟེ་དུས་མཚུངས་ལས་2.7%ཆག་ཡོད། 
         ཁྱིམ་ཕྱུགས་དང་ཁྱིམ་བྱའི་མཁོ་སྤྲོད་དགོས་མཁོར་གཞིགས་ཏེ་གསོ་ཚགས་རྣམ་པ་བརྟན་པོ་ཡོང་བ་བྱས་པ། ཟླ་བརྒྱད་པར། ཕག་པ་གསོ་ཚགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཡག་པོ་བྱུང་ནས། ཕག་པ་བཤས་གཏོང་ཚད་ཕྲན་ཙམ་འཕར་ཡོད་ཀྱང་གསོ་ཚགས་དུད་ཚང་གིས་ཕག་ཕྲུག་གསོ་ཚགས་བྱ་རྒྱུར་སྔར་བཞིན་ཡིད་གཟབ་བྱེད་དགོས། ཞིང་ལས་པུས་གནས་གཏན་འཁེལ་གྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ཕག་པ་བཤས་གཏོང་ཚད་ཟླ་གོང་མ་ལས་0.2%འཕར་བ་དེ་དུས་མཚུངས་ལས་2.8%ཆག་པ་དང་། ཕག་མོ་གསོ་ཚགས་བྱེད་ཚད་ཟླ་གོང་མ་ལས་0.6%ཆག་པ་དེ་དུས་མཚུངས་ལས་3.5%ཆག་པ། བྱ་མོ་གསོ་ཚགས་ཀྱི་ཕན་འབྲས་ལེགས་སུ་ཕྱིན་པ་དང་གསོ་ཚགས་དུད་ཚང་གིས་བྱ་ཕྲུག་གསོ་ཚགས་ཧུར་ཐག་བྱས་སྟབས་ལག་ཡོད་བྱ་མོ་ཟླ་བ་གོང་མ་ལས་1.9%འཕར་ཡོད། འོ་རྩམ་ནང་འདྲེན་བྱེད་པའི་ཤུགས་རྐྱེན་ཕོག་པ་དང་འོ་མ་སོས་པའི་རིན་གོང་དམའ་བ་སོགས་ཀྱི་ཤུགས་རྐྱེན་ཕོག་སྟབས་ལག་ཡོད་བཞོན་མ་རྒྱུན་མཐུད་ངང་ཆག་པ་དང་། ལག་ཡོད་མགོ་གྲངས་དུས་མཚུངས་ལས་10.2%ཆག་ཡོད། མཚོའི་ཐོན་རྫས་གསོ་ཚགས་བྱ་རྒྱུ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ་ཟླ་བརྒྱད་པར་རྒྱལ་ནང་གི་མཚོའི་ཐོན་རྫས་གསོ་ཚགས་དང་འཛིན་ཚད་གཉིས་ཀ་ཏུན་ཁྲི་456.2ཟིན་པ་དེ་དུས་མཚུངས་ལས་2.6%འཕར་ཡོད། 
         མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་རིན་གོང་བཀན་ཤིང་དུ་བྱས་པ་དང་རིན་གོང་དང་ཁ་གསབ་སོ་སོར་ཕྱེ་བའི་ཐོག་ནས་རིམ་བཞིན་སྐུལ་འདེད་བཏང་བ། ཟླ་བརྒྱད་པར། ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྤྱིར་ན་འཕར་ཉུང་ཞིང་། ཕྱུགས་རིགས་དང་བྱ་རིགས་ཐོན་རྫས་ཀྱི་རིན་གོང་ཡོངས་ཁྱབ་ཏུ་ཆག་ཡོད་པ་རེད། ཞིང་ལས་པུས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། མ་རྨོས་ལོ་ཏོག་དང་ཤུན་ལྡན་འབྲས་ཀྱི་ཟླ་རེའི་ཆ་སྙོམས་རིན་གོང་སྤྱི་རྒྱ་1ལ་སྒོར་2.1དང་སྤྱི་རྒྱ་1ལ་སྒོར་2.9སོ་སོ་ཡིན་པ་དེ་ཟླ་གོང་མ་ལས་1.9%དང་0.2%སོ་སོ་ཆག་པ་དང་། གྲོའི་ཟླ་རེའི་ཆ་སྙོམས་རིན་གོང་སྤྱི་རྒྱ་1ལ་སྒོར་2.3ཡིན་པ་དེ་ཟླ་གོང་མ་ལས་0.3%འཕར་བ། སྲིང་བལ་གྱི་རིན་གོང་ཟླ་ལྔ་བསྟུད་མར་འཕར་ཞིང་། ཟླ་བརྒྱད་པར་ཟླ་རེའི་ཆ་སྙོམས་རིན་གོང་ཟླ་གོང་མ་ལས་2.5%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་11.9%འཕར་བ། རྩི་ཤིང་གི་བཟའ་སྣུམ་རིན་གོང་རྩ་བའི་ཆ་ནས་མཉམ་པ། མངར་ཆའི་རིན་གོང་ཟླ་གོང་མ་ལས་0.1%ཆག་པ་དེ་ལོ་གོང་མའི་དུས་མཚུངས་ལས་15%འཕར་བ། ཕག་ཤའི་རིན་གོང་ཟླ་གཉིས་བསྟུད་མར་ཆག་པ་དང་རིམ་རྩིས་བྱས་ན་ཆག་ཚད་5.1%ཟིན་པ། ཚགས་ཤ་དང་། ལུག་ཤ། འོ་མ་བཅས་ཀྱི་རིན་གོང་མུ་མཐུད་འཕར་ཆག་ཆེན་པོ་བྱུང་མེད་ཅིང་། ཟླ་གོང་མ་ལས་ཆག་པ་དང་རིམ་རྩིས་བྱས་ན་ཆག་ཚད་4.0%དང་། 6.0% 4.8%བཅས་སོ་སོ་ཟིན་པ། སྒོ་ངའི་རིན་གོང་བསྟུད་མར་ཟླ་ལྔ་ཆག་ཅིང་། ཟླ་དེར་ཆག་མཇུག་འགྲིལ་ནས་འཕར་འགོ་ཚུགས་ཏེ་ཟླ་གོང་མ་ལས་6.3%འཕར་བ། ཆུའི་ཐོན་རྫས་ཀྱི་ཟླ་རེའི་ཆ་སྙོམས་རིན་གོང་ཟླ་གོང་མ་ལས་1.5%ཆག་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.4%འཕར་བ། སྔོ་ཚལ་གྱི་རིན་གོང་ཟླ་གཉིས་བསྟུད་མར་འཕར་ཞིང་། གཙོ་གནད་དུ་བཟུང་སྟེ་ལྟ་ཞིབ་ཚད་ལེན་བྱས་པའི་སྔོ་ཚལ་རིགས་28ཀྱི་ཟླ་རེའི་ཆ་སྙོམས་རིན་གོང་ཟླ་གོང་མ་ལས་10.6%འཕར་བ། ཤིང་འབྲས་ཀྱི་རིན་གོང་མུ་མཐུད་ཆག་ཅིང་། གཙོ་གནད་དུ་བཟུང་སྟེ་ལྟ་ཞིབ་ཚད་ལེན་བྱས་པའི་ཤིང་འབྲས་རིགས་7གྱི་ཟླ་རེའི་ཆ་སྙོམས་རིན་གོང་ཟླ་གོང་མ་ལས་7.3%ཆག་པ། རྒྱལ་སྤྱིར་གཞིགས་ན་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན། གྲོ་བཅས་ཀྱི་རིན་གོང་ཆག་ཅིང་། ཟླ་གོང་མ་ལས་4.8%དང་། 5.9% 5.0% 2.9%བཅས་སོ་སོར་ཆག་པ། སྲན་སྣུམ་དང་། མ་བཅོས་མངར་ཆ། སྲིང་བལ་བཅས་ཀྱི་རིན་གོང་འཕར་ཞིང་། ཟླ་གོང་མ་ལས་9.3%དང་། 6.4% 1.9% 1.2%བཅས་སོ་སོ་འཕར་ཡོད་པ་རེད། 
         ཕྱི་རོལ་གྱི་དགོས་མཁོར་དམིགས་ཏེ་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་མང་དུ་བཏང་བ། ཟླ་བརྒྱད་པར། ཕྱིར་གཏོང་བྱེད་ཤུགས་ཆེ་རུ་དང་ནང་འདྲེན་བྱེད་ཤུགས་ཆུང་དུ་ཕྱིན་ནས་རྒྱལ་སྤྱིའི་ཉོ་ཚོང་གི་གཏོང་ཉུང་ཡོང་མང་གི་ཧེ་བག་མུ་མཐུད་ཆུང་དུ་ཕྱིན་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་ལ་གཞིགས་ན། ཟླ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དེ་ལོ་གོང་མའི་དུས་མཚུངས་ལས་4.2%ཆག་པ་དང་། ཕྱིར་གཏོང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་4%འཕར་བ། ནང་འདྲེན་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་8.8%ཆག་པ། ཉོ་ཚོང་གི་གཏོང་ཉུང་ཡོང་མང་གི་ཧེ་བག་དེ་ལོ་གོང་མའི་དུས་མཚུངས་ལས་25%ཆག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།