འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོ་ལས་འགྲན་བསྡུར་དར་བ་དང་འགྲན་བསྡུར་ལས་མཚོ་སྔོན་པོ་དེ་བས་གྲགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་དང་པོའི་མཚོ་སྐོར་འགྲན་བསྡུར་གཉེར་བ་ནས་ད་བར་ལོ་15སོང་ཚུན་སྐད་གྲགས་ཆེ་བའི་ས་མཐོའི་མཚོ་དང་ཨེ་ཤེ་ཡའི་རིམ་པ་མཐོ་བའི་འགྲན་བསྡུར་མཐུན་སྦྱོར་གང་ལེགས་བྱས་པ་ལས་མཚོ་སྐོར་འགྲན་བསྡུར་ལ་དོ་ཁུར་ཆེན་པོ་ཐོབ་ཡོད་ལ་མཚོ་སྔོན་པོ་དང་ཀྲུང་གོའི་ནུབ་བྱང་རྒྱུད་དུ་ཆགས་པའི་མཚོ་སྔོན་ལའང་མི་དེ་བས་མང་བའི་དོ་ཁུར་ཐོབ་ཡོད།
         2002ལོར་མཚོ་སྔོན་གྱིས་ཁོར་ཡུག་སྲུང་སྐྱོང་གི་དར་བཟོ་ཆེ་བའི་རྐང་འཁོར་ལུས་རྩལ་དེ་ཉིད“ཀྲུང་གོའི་མཚོ་མཛེས་ཤོས”ཞེས་བརྗོད་པའི་མཚོ་སྔོན་པོ་དང་ཟུང་འབྲེལ་བྱས་པ་ནས་བཟུང་སྐབས་རིམ་པའི་མཚོ་སྐོར་འགྲན་བསྡུར་དར་ཡོད། ད་ཆ་འགྲན་བསྡུར་དེ་གནའ་བོའི་ནུབ་རྒྱུད་ས་གཞི་ཆེན་པོའི་སྟེང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
         “མཚོ་སྐོར་འགྲན་བསྡུར་གྱིས་མངོན་གསལ་དོད་པའི་ས་ཁོངས་ཁྱད་ཆོས་དང་། མཉམ་འདྲེས་ནུས་ཤུགས་ཆེན་པོ། འཐུས་སྒོ་ཚང་བའི་འགྲན་བསྡུར་སྒྲིག་འཛུགས་བཅས་ལ་བརྟེན་ནས་2.HCརིམ་པའི་འགྲན་བསྡུར་ཁྲོད་ཀྱི་འགྲན་བསྡུར་ལམ་ཐག་རིང་ཤོས་དང་། ས་བབ་མཐོ་ཤོས། ཉིན་གྲངས་མང་ཤོས། བྱ་དགའ་མཐོ་ཤོས་བཅས་ཀྱི་ཨེ་ཤེ་ཡའི་གཞུང་ལམ་རྐང་འཁོར་གྱི་རིམ་པ་མཐོ་ཤོས་ཀྱི་འགྲན་བསྡུར་དུ་གྱུར་བ་རེད”མཚོ་སྔོན་པོ་ལས་རྐང་འཁོར་འགྲན་བསྡུར་དེ་བྱུང་བ་ཞིག་ཡིན་ཞེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་བཤད་པ་རེད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མཚོ་སྐོར་འགྲན་བསྡུར་ལས་མཚོ་སྔོན་པོ་བསྐོར་བའི་ས་ཁུལ་གྱི་དཔལ་འབྱོར་དང་། སྣོད་བཅུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་འཕེལ་རྒྱས་བྱུང་ཡོད། མཚོ་སྐོར་འགྲན་བསྡུར་གཉེར་བ་དེས་ཚད་གཞི་མཐོ་པོའི་སྒོ་ནས་མཚོ་སྔོན་པོ་བསྐོར་བའི་ས་ཁུལ་གྱི་སྣོད་བཅུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་བཤད་ཀྱང་ཆོག་ཅེས་དང་།
          ཚེ་རིང་ཐར་གྱིས་མཚོ་སྐོར་འགྲན་བསྡུར་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱིས་ཡུལ་དེའི་འགྲིམ་འགྲུལ་དང་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་དང་ཡུལ་དེའི་མིའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཀྱང་རིམ་བཞིན་ཟབ་ཏུ་འགྲོ་རྒྱུར་སྐུལ་ཁྲིད་ཐེབས་ཀྱི་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་པོ་བསྐོར་བའི་ས་ཁུལ་གྱི་སྣ་མང་གྲངས་ཉུང་མི་རིགས་རིག་གནས་ཀྱང་འགྲན་བསྡུར་དེ་བརྒྱུད་མི་དེ་བས་མང་བས་རྒྱུས་མངའ་ཐུབ་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྐོར་འགྲན་བསྡུར་གྱི་མིང་བཏགས་པའི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་བཅུ་ལྷག་ཙམ་ཟིན་པ་དང་། ཐོན་རྫས་རིགས་གྲངས་འབོར་20ལྷག་ཙམ་མཆེད་པ། མཚོ་སྔོན་པོ་བསྐོར་བའི་རྐང་འཁོར་བཞོན་མཁན་མི་འབོར་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། 2016ལོར་མི་ཁྲི་40ལས་བརྒལ་བ་དང་རྐང་འཁོར་བཞོན་ནས་འཛད་སྤྱོད་བྱེད་ཚད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ཟིན་རེ་ཡོད་པ་དང་མཚོ་སྐོར་འགྲན་བསྡུར་གྱི་ཐོན་ལས་སྒྲོལ་ཐག་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།