འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པདྨ་རྫོང་གི་ཐོན་ལས་དབུལ་སྐྱོར་གྱིས་ས་གནས་དབུལ་ཕོངས་མང་ཚོགས་ཀྱི་འབྱོར་
    འབྲིང་ཕུགས་འདུན་མངོན་འགྱུར་བྱུང་བར་རམ་འདེགས་ཐོབ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    པདྨའི་བོད་ཁྱིམ།
    པདྨའི་བོད་ཁྱིམ། 
         ཚད་མཐོའི་དབུལ་སྐྱོར་དང་ཚད་མཐོ་དབུལ་བྲལ་ལས་དོན་ཟབ་སྤེལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་རྫོང་ཁུལ་གྱི་ཐོན་ཁུངས་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཤིང་། སྡེ་བ་རེ་ལ་ཐོན་རྫས་རེ་དང་ཞང་གྲོང་རེ་ལ་ཁྱད་ཆོས་རེ་ཡོད་རྒྱུ་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་གནས་བབས་དང་མཐུན་པའི་སྒོ་ནས་ཞིང་ཕྱུགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཐོན་ལས་དབུལ་སྐྱོར་གྱི་ཐབས་ཤེས་ལག་ལེན་དོན་འཁྱོལ་བྱས། འདིས་པདྨའི་མང་ཚོགས་ཀྱིས་འཚོ་བའི་ཡོང་སྒོ་གཙོ་བོ་རྒྱལ་ཁབ་ལ་བརྟེན་པའི་སྔོན་སྲོལ་བསྒྱུར་བཅོས་བྱས་པ་དང་། རང་ངོས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནུས་པ་གོང་འཕེལ་བཏང་སྟེ། ཞིང་འབྲོག་མང་ཚོགས་དབུལ་ཕོངས་ལས་ཐར་བ་དང་ཡོང་སྒོ་འཕེལ་སྣོན་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། དབུལ་སྐྱོར་གསར་འབྱེད་དང་ཞིང་ཕྱུགས་ཁྱད་ལྡན་ཐོན་ལས་ཟུང་འབྲེལ་སྒོས་འཕེལ་རྒྱས་འགྲོ་བའི་ལམ་བུ་གསར་བ་བཏོད། 
         ངྷི་མདའ་ཞང་ནི་པདྨ་རྫོང་ཁོངས་སུ་དབུལ་ཕོངས་ཁྱབ་ཚད་ཆེས་ཆེ་བའི་ཞང་གྲོང་གྲས་ཀྱི་གཅིག་ཡིན། 2015ལོ་ནས་བཟུང་། ཞང་འདིའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་གཤིས་དགེ་མཚན་ལ་གཞིགས་ཏེ། པདྨ་རྫོང་ཨུ་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་72ཡི་འགྲོ་སོང་བཏང་ནས་དྲོད་ཁང་རྨོ་འདེབས་ཀྱི་ཐོན་ལས་རྒྱ་བསྐྱེད་སྤེལ་བ་སྟེ། མིག་སྔའི་བར་ཞང་འདིར་དྲོད་ཁང་90ལྷག་འཛུགས་སྐྲུན་བྱས་ཤིང་། གཙོ་བོ་ལུག་གྲོད་ཤྭ་མོ་དང་ལ་ཕུག ཚོད་དཀར། ཡུ་གུ་དཀར་པོ། ཧོང་ཀྭ་སོགས་རིགས་མི་འདྲ་བའི་ཚོད་མའི་རྣམ་གྲངས་མང་པོ་འདེབས་འཛུགས་བྱས་པ་ཡིན་ལ། འདིས་ས་གནས་སུ་ཚོད་མ་གོང་དཀའ་བ་དང་མང་ཚོགས་ཀྱིས་སྔོ་ཚལ་བཟའ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཞང་གྲོང་གཞན་དང་རྫོང་མཁར་ལ་སྔོ་ཚལ་མཁོ་འདོན་བྱས་ཤིང་། རྫོང་ཡོངས་མང་ཚོགས་ཀྱི་ཚོད་མའི་ཐོན་ཁུངས་གཙོ་བོར་གྱུར་ཡོད། 
         ངྷི་མདའ་ཞང་པན་ཆེན་སྡེ་བའི་ཀྲུ་པུའུ་ཧྲུའུ་ཅི་ཀརྨ་སྐྱབས་ཀྱིས་བཤད་རྒྱུར། སྔོན་ཆད་ང་ཚོ་ལེ་དབར་བཅུ་ཕྲག་བགྲོད་དེ་རྫོང་མཁར་ལ་སྔོ་ཚལ་ཉོ་རུ་འགྲོ་དགོས་ཤིང་། ལམ་ཐག་རིང་བ་དང་སྔོ་ཚལ་གྱི་རིན་གོང་མཐོ་བས་དཀའ་ལས་མང་པོ་འདུག ད་ལྟ་རང་ཁྱིམ་གྱི་དྲོད་ཁང་དུ་སྔོ་ཚལ་རྣམ་གྲངས་མང་པོ་འདེབས་འཛུགས་བྱེད་ཐུབ་ལ། སྔོ་ཚལ་གསར་བ་ཡིན་པ་མ་ཟད་སྒོར་མོ་གྲོན་ཆུང་བྱེད་ཐུབ་ཅིང། བཟའ་མི་གང་བོའི་ཚོད་མའི་དགོས་མཁོ་སྐོང་ཐུབ་པ་ལས་གཞན་རྫོང་མཁར་གྱི་སྔོ་ཚལ་ཚོང་རར་ཚོད་མ་མཁོ་འདོན་ཀྱང་བྱེད་ཐུབ་པས་མང་ཚོགས་ཀྱི་ཡོང་སྒོ་འཕེལ་སྣོན་བྱུང་ཡོད། 
         མང་ཚོགས་ཕྱུག་བསྒྱུར་གྱི་ཐོན་ལས་མགྱོགས་མྱུར་གསོ་སྤེལ་བྱ་ཕྱིར། པདྨ་རྫོང་གི་ཞང་གྲོང་སོ་སོས་ཐོན་ལས་རྣམ་པར་ལེགས་སྒྲིག་བྱས་པ་སྟེ། ས་བབས་ཅུང་མཐོ་བའི་སྟག་མཁར་ཞང་དང་གྱི་མཁར་ཞང་གཉིས་ཀྱིས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་ཚད་མཐོའི་དབུལ་སྐྱོར་རྣམ་གྲངས་ལ་ཟུང་འབྲེལ་བྱས་ཤིང་། རང་སའི་ལྕུམ་རྩྭ་དང་གྲོ་མ། སྨན་རྩྭ་འདེབས་འཛུགས་ལས་དོན་གཙོ་བོར་བཟུང་ནས།  ས་གནས་རང་གི་གནས་བབས་དང་མཐུན་པའི་ཕྱུག་འགྱུར་གྱི་ལམ་བུ་གསར་བ་བཏོད།  འགྲིམ་འགྲུལ་ལྟེ་བར་གནས་པའི་མདོ་གོང་མ་ཡུལ་ཚོའི་སྙི་བ་(贝母)ཚོད་ལྟའི་འདེབས་འཛུགས་བྱ་བར་རྒྱལ་ཁ་ཐོབ་ཅིང་། སྔོན་རྩིས་བྱས་པ་ལྟར་ན་རྒྱ་ཆེར་འདེབས་འཛུགས་བྱས་རྗེས་ས་མུའུ་རེར་སྒོར་ཁྲི་༡༥ཡན་གྱི་ཡོང་སྒོ་ཡོད་རྒྱུ་རེད། དེ་མིན་ཞང་འདིའི་མལ་ཆས་ལས་སྣོན་ཐོན་ལས་ཀྱི་ཕྱིར་འཚོང་གྲངས་ཚད་ཀྱང་ཧ་ཅང་མཐོ། མིག་སྔར་མདོ་གོང་མ་ཡུལ་ཚོས་འགྲིམ་འགྲུལ་སྟབས་བདེ་བ་དང་། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་ལ་དམིགས་ཏེ། ཆུ་ རྐྱལ་ཁུལ་དང་རྩལ་སྦྱོང་ཁུལ། ངལ་གསོ་ཁུལ་དང་སྤྲོ་སྐྱིད་ཁུལ། བསྲེགས་ཟས་ཁུལ་དང་སྤྲོ་གསེང་གྲུ་གཟིངས་སོགས་ཀྱི་བྱེད་ནུས་གཅིག་ཏུ་འདུས་པའི་གླིང་གའི་རྣམ་གྲངས་བརྩོན་ལེན་བྱེད་བཞིན་ཡོད། མདོ་གོང་མ་ཞང་གི་ཏང་ཨུ་ཧྲུའུ་ཅི་ཧན་བཀྲ་ཤིས་ཀྱིས་ཞང་འདིའི་དབུལ་བྲལ་ཕྱུག་བསྒྱུར་གྱི་ཐོན་ལས་གླེང་སྐབས་རང་ཁྱིམ་གྱི་གཅེས་ནོར་བགྲངས་བ་བཞིན་རྒྱུས་མངའ་གསལ་བོ་ཡོད་པ་རེད། 
         པདྨ་རྫོང་གིས་སྡེ་བ་སོ་སོར་ཕྱུག་བསྒྱུར་གྱི་ཐོན་ལས་རེ་དང་ཁྱིམ་ཚང་རེ་རེར་ཡོང་སྒོ་འཕེལ་སྣོན་གྱི་ལས་གཞི་རེ་ཡོད་དགོས་པའི་ཐབས་ཇུས་བཀོད་སྒྲིག་ལྟར། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ཐོན་རྫས་འདེབས་འཛུགས་ལས་རིགས་རྒྱ་ཆེར་སྤེལ་བ་སྟེ། པདྨའི་གངས་ ལྗོངས་བོད་ཇ་ནི་རྐང་འཛིན་ཐོན་ལས་སུ་ངོས་འཛིན་བྱས་པ་དང་། ལུག་གྲོད་ཤྭ་མོ། ལྕུམ་རྩྭ། གྲོ་མ། སྨན་རྩྭ་འདེབས་འཛུགས་དང་མདོག་གསུམ་པདྨའི་ཡུལ་སྐོར་ལྗོངས་རྒྱུ་ལས་རིགས་ནི་གཙོ་གནད་འཕེལ་རྒྱས་གཏོང་བའི་ཐོན་ལས་སུ་ངོས་འཛིན་བྱས་ཏེ། ཁྱད་ལྡན་རྐང་འཛིན་ཐོན་ལས་མགྱོགས་ མྱུར་འཕེལ་རྒྱས་བཏང་བ་དང་དབུལ་བྲལ་ཕྱུག་བསྒྱུར་ནུས་པ་ཇེ་ལེགས་ཇེ་བརྟན་དུ་བཏང་བ་རེད། 
         ལྕགས་རི་ཐང་ཞང་གིས་སྡེ་བ་སོ་སོའི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་600ལྷག་ཕྱོགས་བསྡུས་བྱས་ཏེ་མགོ་ལོག་ཁུལ་མགྲོན་ཁང་ཆེན་མོར་མ་རྐང་བཞག་པ་དང་། དཀའ་ངལ་ཅན་གྱི་ ཁྱིམ་ཚང་200དང་དབུལ་ཕོངས་མི་སྣ་881ལ་ཁེ་ཕན་ཐོབ་ཡོད། མགུ་མདའ་ཡུལ་ཚོས་དབུལ་སྐྱོར་ཐོན་ལས་མ་དངུལ་བརྩོན་ལེན་བྱས་ཏེ། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་296དང་སྨི་གྲུ་བཞི་མ་87ཅན་གྱི་ཐོན་རྫས་ལས་སྣོན་བཟོ་གྲྭ་ཡོད་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་ སྐྲུན་བྱས་ཤིང་། གཙོ་བོ་ཕྱུགས་རིགས་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་བྱེད་བཞིན་ཡོད། ཡར་ཐང་ཞང་གིས་ཁྱིམ་ཚང་140ལ་སྣེ་ཁྲིད་དེ་རང་ཁྱིམ་གྱི་ཞིང་སའི་སྟེང་ཚོང་ལས་རང་བཞིན་གྱི་ནས་ནག་པོ་འདེབས་སུ་བཅུག་པ་དང་སྐྱེས་ཚུལ་ཧ་ཅང་བཟང་། གྲུབ་ཆེན་ཞང་གིས་རིག་གནས་དབུལ་སྐྱོར་ལས་གཞི་སྤེལ་བ་སྟེ། རིག་རྩལ་འཁྲབ་སྟོན་མི་སྣ་80ལྷག་རྩ་འཛུགས་བྱས་ཏེ། ཁུལ་དང་རྫོང་། ཞང་རིམ་པར་བསྐོར་བསྐྱོད་འཁྲབ་སྟོན་བྱས་པ་དང་དཀའ་ངལ་མང་ཚོགས་80ལྷག་གི་འཚོ་བའི་གནད་དོན་ཐག་གཅོད་བྱས། སེ་ལེ་ཐང་གྲོང་རྡལ་གྱིས་ཞིང་གྲོང་གི་ཡུལ་སྐོར་དཔེ་སྟོན་སྡེ་གསར་འཛུགས་སྐྲུན་བྱས་པ་སྟེ། ས་གནས་ཀྱི་དམངས་སྲོལ་ཆོས་ལུགས་རིག་གནས་དང་། བོད་ཁྱིམ་རྡོ་ཁང་སོགས་ཀྱི་ཐོན་ཁུངས་བེད་སྤྱད་དེ་ཐོན་ལས་རང་བཞིན་དང་སྤྲོ་སྐྱིད་རང་བཞིན་གྱི་ཚོང་གཉེར་རྣམ་པ་གསར་སྤེལ་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཀྱིས་བོད་པའི་སྤྲོ་སྐྱིད་ཁང་དང་མཐོ་སྒང་སྐྱེ་ཁམས་ཚོང་ཁང་འབྱེད་པར་སྣེ་ཁྲིད་དང་། བོད་པའི་དམངས་སྲོལ་རིག་གནས་དང་། གླུ་གར་འཁྲབ་སྟོན། མི་རིགས་བཟའ་ཆས་སོགས་ཀྱིས་ཡུལ་སྐོར་བར་ཞབས་ཞུ་གང་ལེགས་བསྒྲུབ་པ། ཁྱད་ལྡན་ཕྱུགས་རིགས་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་བྱེད་པ་བཅས་ཐབས་ལམ་སྣ་མང་སྒོས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་གོང་འཕེལ་བཏང་བ་རེད། 
         པདྨའི་རྫོང་ཨུ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བསྟན་དོན། པདྨ་རྫོང་ནི་གཙང་གསུམ་འབྱུང་ཡུལ་གཙོ་གནད་སྲུང་སྐྱོབ་ས་ཁུལ་དུ་གནས་ཤིང་། ས་འདིའི་མང་ཚོགས་དབུལ་ཕོངས་ལས་བྲལ་ཞིང་ཕྱུག་འགྱུར་གྱི་ལམ་དུ་བགྲོད་དགོས་ན་ངེས་པར་ལྗང་མདོག་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་ལ་བརྟེན་དགོས། ང་ཚོས་ཞིང་ཕྱུགས་མ་དངུལ་ཕྱོགས་བསྡུས་བྱེད་ཤུགས་སྔར་བས་ཇེ་ཆེར་བཏང་སྟེ། ཐོན་ལས་དབུལ་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་དང་། འགྲན་རྩོད་ནུས་པ་ལྡན་པའི་སྣེ་ཁྲིད་ཐོན་ལས་དང་ཁྱད་ལྡན་ཐོན་རྫས་འགའ་དར་སྤེལ་བཏང་སྟེ། ཐོན་ལས་དབུལ་སྐྱོར་གྱིས་སྣེ་ཁྲིད་འོག ཕྱོགས་ཡོངས་ནས་དབུལ་ཕོངས་མང་ཚོགས་རྣམས་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་རྒྱུ། ༼ རྩོམ་པ་པོ། མགོན་པོ་དོན་འགྲུབ། ༽
    པདྨའི་གངས་ལྗོངས་བོད་ཇ།
    པདྨའི་གངས་ལྗོངས་བོད་ཇ།
    པདྨའི་གངས་ལྗོངས་བོད་ཇ།
    པདྨའི་གངས་ལྗོངས་བོད་ཇ།
     གྲོ་མ།
     གྲོ་མ།
    ལྕུམ་རྩྭ།
    ལྕུམ་རྩྭ།
      

    ཕྱོགས་བསྡུས་གསར་འགྱུར།