འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལྐོག་ཏུ་ཁུ་ཁུ་ཤིས་རིའི་གཙོད་རྔོན་པ་རྒྱག་མཁན་བྲོས་བྱོལ་དུ་ལོ་11སོང་རྗེས་བཟུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ལོ་11རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རྗེས་སྙེག་བྱས་པ་བརྒྱུད་ཉེ་ཆར་2005ལོར་ཁུ་ཁུ་ཤིས་རིའི“7·31”སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་རྔོན་རྒྱག་དང་བཟུང་གསོད་ཀྱི་གྱོད་གཞི་ཚབས་ཆེན་བཟོས་རྗེས་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་2བཟུང་བ་རེད།
         2005ལོའི་ཟླ་བདུན་པར་ཉེས་གསོག་དོགས་ཅན་དྲུག་ལས་གྲུབ་པའི་ཁྲིམས་འགལ་ལྐོག་རྔོན་ཚོགས་པ་ཞིག་གིས་པེ་ཅིང་ཅི་ཕུ་རྟགས་ཅན་གྱི་རླངས་འཁོར་2བཏང་བ་དང་ལུས་ལ་ཁ་ཞེང་ཆུང་བའི་རིང་མདའ་1དང་མདེའུ་2500ལྷག་ཙམ་ཁྱེར་ཏེ་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོད་500ལྷག་ཙམ་རྔོན་བརྒྱབ་པ་རེད། གྱོད་གཞི་དེ་ཐོན་རྗེས་ཚོགས་པ་དེའི་མི་གསུམ་སྔ་རྗེས་སུ་བཟུང་བ་དང་འབྲེལ་ཁྲིམས་ཆད་ཀྱང་ཕོག་མོད། འོན་ཏེ་དོགས་ཡོད་ཉེས་ཅན་གཞན་དག་བྲོས་བྱོལ་དུ་སོང་ཡོད་པ་རེད།
         འདི་ལོ་ཚུན་དུ་གྱོད་དོན་ཞིབ་གཅོད་ཉེན་རྟོག་པས་གྱོད་རྩད་གཅོད་པར་ལེ་དབར་ཁྲི་ཡན་བསྐྱོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་། མཚོ་ཤར། མཚོ་ནུབ། བོད་ཀྱི་ལྷ་ས་དང་ནག་ཆུ། དེ་བཞིན་ཀན་སུའུ་ཡི་ལན་ཀྲོའུ་སོགས་སུ་བསྐྱོད་ནས་གྲལ་བཤེར་བྱས་པ་བརྒྱུད་བྲོས་བྱོལ་དུ་སོང་བའི་ཉེས་གསོག་དོགས་ཅན་གསུམ་ལས་གཉིས་ཀྱི་འགྲོ་སྡོད་བྱ་ཡུལ་རྩད་ཆོད་པ་རེད། ཟླ་3ཚེས་31ཉིན་གྱི་ཐོ་རེངས་སུ་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་མདོ་པ་གྲོང་རྡལ་གྲ་མ་ལུང་གྲོང་ཚོ་ནས་ཉེས་གསོག་དོགས་ཅན་ཧན་ཆེ་གེ་མོ་བཟུང་བ་དང་ཟླ་6ཚེས་12ཉིན་གྱི་མཚན་མོ་ཉེས་གསོག་དོགས་ཅན་གཞན་ཝང་ཆེ་གེ་མོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བོས་ལ་རྫོང་མཐོན་པོ་ཤང་ཏུའུ་ལན་ཧོ་གྲོང་ཚོ་ནས་བཟུང་ཐུབ་པ་རེད།
         འདྲི་ཞིབ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་གཉིས་པོས་2005ལོའི་ཟླ་བ་བདུན་པར་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་བརྒྱབ་དང་བཟུང་གསོད་བྱས་པའི་དོན་དངོས་ངོས་ལེན་གསལ་པོ་ཞུས་ཤིང་། མིག་སྔར་ཉེས་གསོག་དོགས་ཅན་ཧན་ཆེ་གེ་མོ་ཁྲིམས་ལྟར་བཟུང་རྒྱུའི་ཆོག་མཆན་ཐོབ་པ་དང་། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ། གྱོད་གཞི་དེ་མིག་སྔར་འདྲི་གཅོད་སྔར་བས་གསལ་པོ་བྱེད་བཞིན་ཡོད་པ་རེད།
         མཚོ་བོད་ས་མཐོའི་དབུས་རྒྱུད་དུ་ཆགས་པའི་ཁུ་ཁུ་ཤིས་རི་ནི་རང་རྒྱལ་གྱི་མི་མེད་ཁུལ་ཆེ་ཤོས་ཤིག་རེད་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོད་འཚོ་གནས་བྱ་ཡུལ་ཞིག་ཀྱང་རེད། རྒྱལ་སྤྱིའི་ཁྲོམ་རར་གཙོད་ཀྱི་ཁུ་ལུར་རིན་གོང་ཆེ་མོ་རག་པའི་དབང་གིས་སྐབས་ཤིག་རིང་ལྐོག་ཏུ་གཙོད་རྔོན་རྒྱག་མཁན་མང་པོ་བྱུང་ཞིང་། ལྐོག་རྔོན་ངོ་རྒོལ་ཁྲིམས་འཛིན་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་བ་དང་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པར་བརྟེན་ཁུ་ཁུ་ཤིས་རིར་ལོ་10བསྟུད་མར་མེ་མདའི་སྒྲ་གྲགས་མྱོང་མེད་ལ་གཙོད་རྒྱུད་ཀྱང་སླར་གསོ་བྱུང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།