འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་
    རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་མནའ་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོར་ཕྱོགས་པའི་སྲིད་ཇུས་ཀྱི་ཡིག་ཆ་གསར་པར་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་23ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་བཤད།
         གསར་འགོད་པ་ཞིག་གིས་ཡོ་རོབ་མནའ་འབྲེལ་གྱིས་ཚེས་22ཉིན་《ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་ཕྱོགས་པའི་འཐབ་ཇུས་གསར་པའི་རྒྱུ་རྐྱེན་གཙོ་བོ་》ཞེས་པའི་ཀྲུང་གོར་ཕྱོགས་པའི་སྲིད་ཇུས་ཀྱི་ཡིག་ཆ་གསར་པ་ཁྱབ་བསྒྲགས་བྱས་ཡོད། ང་ཚོས་དོ་སྣང་བྱུང་གསལ། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོར་ཕྱོགས་པའི་སྲིད་ཇུས་ཡིག་ཆ་གོང་མ་དེ་2006ལོར་ཁྱབ་བསྒྲགས་བྱས་ཡོད་པས་ཀྲུང་གོ་ཕྱོགས་ནས་ལོ་བཅུའི་རྗེས་ཀྱི་ཡིག་ཆ་གསར་པ་དེར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ་ཞེས་སྐད་ཆ་དྲིས།
         ཁོང་གིས“ཡོ་རོབ་མནའ་འབྲེལ་གྱིས་ཁ་ཉིན་ཀྲུང་གོར་ཕྱོགས་པའི་སྲིད་ཇུས་ཀྱི་ཡིག་ཆ་གསར་པ་ཁྱབ་བསྒྲགས་བྱས་པ་ང་ཚོས་དོ་སྣང་བྱུང་། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས་མཁྱེན་ལྡན་མ་མོ་ཀའེ་ལི་ཉི་ཡིས་སྲིད་ཇུས་ཀྱི་ཡིག་ཆའི་དམིགས་ཡུལ་ནི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་དཔལ་འབྱོར་ཉོ་ཚོང་དང་། ཕྱི་འབྲེལ། བདེ་འཇགས་དང་དེ་བཞིན་རྒྱལ་སྤྱིའི་ལས་དོན་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་རྗེས་ཀྱི་ལོ་ལྔའི་འཕེལ་རྒྱས་ལ་མཛུབ་སྟོན་བྱས་ཡོད”ཅེས་བཤད།
         ཧྭ་ཁྲུན་ཡིང་གིས་ལོ་བཅུའི་གོང་དང་བསྡུར་ན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དང་དེ་བཞིན་ང་ཚོ་གནས་སའི་འཛམ་གླིང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་ལ་ཕྱོགས་གཉིས་པོའི་འབྲེལ་བར་ཡང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་རྒྱལ་སྤྱིའི་ལས་དོན་ཐད་མཐུན་སྦྱོར་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་ཕྱིན་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཐུས་ཚང་དང་། བརྟན་པོ། གཏིང་ཟབ་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད་པ་དང་། ལྷག་པར་དུ་2014ལོར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་གནང་སྐབས་ཞི་མཐུན་དང་། འབབ་འཕར། སྒྱུར་བཅོས། ཤེས་དཔལ་བཅས་ཀྱི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་གཏོད་རྒྱུའི་སྐོར་བཏོན་གནང་བ་དང་། ན་ནིང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ཐེངས་བཅུ་བདུན་པའི་ཐོག་ཕྱོགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་གཏན་འཁེལ་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་གཞི་མཁོ་འདོན་བྱས་ཡོད།
         ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕུགས་ཀྱི་ལྟ་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བར་ལྟ་བ་དང་འཕེལ་རྒྱས་བཏང་ནས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་ལ་མུ་མཐུད་གཞིགས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།