འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བུ་ཆུང་གིས་མང་ཚོགས་ཆེད་དུ་ལས་ཀ་བསྒྲུབ་རྒྱུ་དེ་ངའི་གཟི་བརྗིད་ཡིན་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         བུ་ཆུང་འདི་ལོ་ལོ་53ལ་སླེབས་པ་དང་ལོ་ན་གཞོན་སྐབས་དམག་མི་དང་ཤང་གི་སྤྱི་བདེའི་ཆེད་བསྐོས་མི་སྣ་བྱེད་མྱོང་བ་མ་ཟད། ད་དུང་རྫོང་ཨུད་ཀྱི་གསང་གནད་ཁང་དང་རྫོང་ཞིང་འབྲོག་མང་ཚོགས་བདེ་སྡོད་མཐུན་སྦྱོར་གཞུང་ལས་ཁང་དུའང་ལས་ཀ་བྱེད་མྱོང་། ཕྱིས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལོ་10ལྷག་ཙམ་བྱས།
         དམངས་ཀྱི་བསམ་ཚུལ་ཉན། ཁོང་ཚོའི་དཀའ་ངལ་བསལ།
         བུ་ཆུང་གིས“མང་ཚོགས་ཆེད་དུ་ལས་ཀ་བསྒྲུབ་རྒྱུ་དེ་ངའི་གཟི་བརྗིད་ཡིན”ཞེས་བརྗོད།
         2005ལོར་བུ་ཆུང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་བཏང་། གྲོང་ཚོ་དེའི་ས་ཞིང་བསྡུ་སྤྱོད་དང་བཤིག་སྤོའི་གནད་དོན་གྱི་རྐྱེན་པས་མང་ཚོགས་ཀྱི་གོང་གཏུག་དོན་རྐྱེན་ཐོན་མ་ཐག་ཡིན།
         བུ་ཆུང་གིས་མང་ཚོགས་ཀྱི་གོང་གཏུག་རྒྱུ་རྐྱེན་གསལ་པོ་བཟོ་ཆེད་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཁོངས་མི་ཁྲིད་དེ་དུད་ཚང་རེ་རེ་བཞིན་ལ་འདྲི་རྩད་བྱེད་པར་བསྐྱོད། གནས་ཚུལ་ཤེས་རྟོགས་བྱས་རྗེས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བཤིག་སྤོའི་ཁོངས་སུ་གཏོགས་པའི་ས་གནས་དེ་གའི་མང་ཚོགས་ལ་རག་པའི་བཤིག་སྤོའི་སྐྱིན་གསབ་དེ་ཉེ་འཁོར་མང་ཚོགས་ལས་དམའ་བས་རེད། དེས་མ་ཚད་ས་ཞིང་ཤོར་བའི་མང་ཚོགས་གནས་སྤོ་བྱེད་འདོད་མེད་པས་གནས་སྤོས་ཡུལ་མིས་རང་ཉིད་ཀྱི་འཚོ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
         བུ་ཆུང་གིས“མང་ཚོགས་ཀྱི་འདུན་པ་ཐག་གཅོད་མ་ཐུབ་པའི་རྒྱུ་རྐྱེན་ནི་ལས་བྱེད་པ་ཁག་ཅིག་གིས་མང་ཚོགས་ཀྱི་ཆེད་དུ་བསམ་བློ་མི་གཏོང་བ་དང་མང་ཚོགས་ཀྱི་བསམ་ཚུལ་མ་ཉན་པས་རེད”ཅེས་བཤད། གོང་རིམ་སྡེ་ཚན་དང་འབྲེལ་གཏུག་ཐེངས་མང་བྱས་མཐར། ས་ཞིང་བསྡུ་སྤྱོད་སྡེ་ཚན་གྱིས་གདོང་དཀར་གྲོང་ཚོའི་མང་ཚོགས་ལ་སྡོད་ཁང་དང་བོགས་གཏོང་སྡོད་ཁང་རྒྱག་རྒྱུའི་ཁས་བླངས་པ་དང་ཁང་གླ་རྣམས་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་ནང་བཅུག་ནས་ས་ཞིང་ཤོར་བའི་མང་ཚོགས་ཀྱི་སེམས་ཁྲལ་རྦད་དེ་བསལ་བ་རེད།
         བུ་ཆུང་གིས་ད་དུང་ཏང་ཡོན་གྱི་སྣེ་ཁྲིད་དེ་མ་དངུལ་སྒོར་ཁྲི་100ལྷག་ཙམ་གྲབས་གསོག་བྱས་པ་དང་ཆབས་ཅིག གདོང་དཀར་གྲོང་ཚོའི་ཞིང་འབྲོག་པའི་སྐྱེལ་འདྲེན་ཆེད་ལས་མཉམ་ལས་ཁང་དང་། སྤྲོ་སྐྱིད་གླིང་། ཇ་ཁང་སོགས་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཁག་ཅིག་འཛུགས་གཉེར་བྱས་པར་ལོར་ཡོང་འབབ་སྒོར་ཁྲི་700ཙམ་ཡོང་གི་ཡོད་པ་རེད།
         བུ་ཆུང་གདོང་དཀར་གྲོང་ཚོ་ནས་ཁ་བྲལ་བའི་2014ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4བར་འཕར་ཡོད་པ་རེད།
         གདོང་དཀར་གྲོང་ཚོར་བུ་ཆུང་གིས་ད་དུང་སྐར་མ་རིམ་པའི་དཔེ་སྟོན་དུད་ཚང་དཔྱད་འདེམས་བྱས་ཏེ་རྒྱལ་གཅེས་ཏང་གཅེས་དང་། ཚན་རིག་ལ་བརྟེན་ནས་ཕྱུག་པོ་ཆགས་པ། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་སྲོལ་གསར་དར་སྤེལ་བཏང་བས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཚོ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་པོ་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་ལག་ལེན་རྟེན་གཞི་དང་པོར་གྱུར་བ་མ་ཟད། ད་དུང“གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གླེང་སྟེགས”རྟེན་གཞིར་གྱུར་ཡོད། གདོང་དཀར་གྲོང་ཚོ་དང་དེ་བཞིན་གྲོང་ཚོ་དེའི་ཏང་ཀྲི་པུའུ་སྔ་རྗེས་སུ་རྒྱལ་ཡོངས་དམངས་གཙོ་ཁྲིམས་ལུགས་དཔེ་སྟོན་གྲོང་ཚོ་དང་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་བདམས་པ་རེད།
         གཞུང་དྲང་ལས་ལ་གཞོལ། སྤྱོད་གཙང་སྲི་ཞུ་བསྒྲུབས།
         2014ལོར་གདོང་དཀར་གྲོང་ཚོར་ལས་ཀ་བྱས་ནས་ལོ་9ཙམ་སོང་བའི་བུ་ཆུང་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་གནས་ཆུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་བར་བཏང་།
         གནས་ཆུང་གྲོང་ཚོར་འབྱོར་མ་ཐག་བུ་ཆུང་གིས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་ཙམ་ཡག་པོ་མེད་པ་ཤེས། “གྲོང་ཚོའི་དངུལ་ཚང་མ་གང་དུ་སོང་མིན་སུས་ཀྱང་ཤེས་ཀྱི་མེད། ལས་ཀ་ཆེ་ཆུང་གང་ཡིན་རུང་ཚང་མ་ལས་བྱེད་པ་ཁ་ཤས་ཀྱིས་བརྒྱ་ཁ་གཅིག་གཅོད་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་མང་ཚོགས་ཀྱིས་སུ་ལ་ཡིད་ཆེས་བྱེད་དགོས་སམ”ཞེས་པ་སོགས་མང་ཚོགས་ཀྱི་བསམ་འཆར་དེ་དག་ལས་བུ་ཆུང་གི་སེམས་པ་ཡུན་རིང་རྣལ་དུ་ཕབ་ཐབས་བྲལ།
         བུ་ཆུང་གིས་རྫོང་ནོར་སྲིད་སྡེ་ཚན་གྱི་ནོར་དོན་མི་སྣ་ཆེད་མངགས་གདན་དྲངས་ཏེ་གྲོང་ཚོའི་རྩིས་ཁྲ་གསལ་པོ་བཟོས་པ་དང་འབྲེལ། ཧ་ཅང་ནན་པའི་ནོར་དོན་ཡོངས་བསྒྲགས་ལམ་ལུགས་བཟོས་པ་སྟེ། གྲོང་ཚོའི་གྲོང་མི་ཚོགས་ཆུང་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་ལོ་གཅིག་ནང་ཉུང་མཐར་ཡང་ཡོངས་བསྒྲགས་ཐེངས་གཉིས་བྱ་རྒྱུ་དང་། མང་ཚོགས་ཀྱིས་ག་དུས་ཡིན་ནའང་གྲོང་ཚོ་ཨུ་ལྷན་གྱི་རྩིས་ཐོ་བཤེར་ཆོག་པ། འགྲོ་གྲོན་མང་ཉུང་གང་ཡིན་རུང་ཚང་མ་གསལ་བསྒྲགས་བྱེད་དགོས་པ་དང་མང་ཚོགས་ཀྱི་འདྲི་རྩད་རྦད་དེ་དང་ལེན་བྱེད་དགོས།
         གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་བུ་ཆུང་གིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་བསྐྱར་དུ་བདམས་ཤིང་། སྒོ་རྒྱག་ཚོགས་འདུའི་སྲོལ་ངན་གཏན་འགོག་བྱ་ཆེད་གྲོང་མི་54ཚོགས་འདུའི་གྲོས་ཆོད་འཐུས་མིར་བདམས་ཏེ་གྲོང་ཚོའི་རྣམ་གྲངས་དང་མ་དངུལ་དང་འབྲེལ་བ་ཡོད་པའི་དོན་དག་ཚང་མར་གྲོས་ཆོད་འཐུས་མི་ཞུགས་དགོས་པ་མ་ཟད། ད་དུང་གྲོས་ཐག་གཅོད་དུ་འཇུག་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
         བུ་ཆུང་གིས་ད་དུང་མ་མཐའི་འཚོ་བ་འགན་ལེན་དང་། སྨན་བཅོས། སློབ་གསོ། རྩྭ་རའི་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་ཁག་བཅུའི་མ་དངུལ་རྩིས་ཐོ་བཟོས་ནས་མང་ཚོགས་ཚང་མས་མ་དངུལ་སྤྲོད་པའི་གྲངས་འབོར་དང་དུས་ཚོད་གསལ་པོ་རྟོགས་པ་བྱས།
         བུ་ཆུང་གིས“གྲོང་ཚོའི་ལས་ཀ་ཡག་པོ་བྱུང་མིན་དེ་གྲོང་ཚོའི་ལས་བྱེད་པར་རག་ལུས་ཡོད”ཅེས་བཤད། བུ་ཆུང་གིས་གནས་ཆུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ནས་ལོ་གཉིས་སོང་རིང་གནས་ཆུང་གྲོང་ཚོར་གོང་གཏུག་གི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་དང“ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས”ཀྱི་སྣང་ཚུལ་མེད་པ་བཟོས་ཡོད་པ་རེད།
         ཏང་འཛུགས་ལས་ལ་གཞོལ། དམིགས་ཡུལ་བློ་ལ་ངེས།
         “གཞི་རིམ་ལས་ཀ་ཡག་པོ་བྱེད་དགོས་ན་ངེས་པར་དུ་སྤྱི་དོན་སྤྱི་གཉེར་བྱེད་དགོས”ཞེས་བུ་ཆུང་གིས་མྱོང་ཚོར་ཟབ་མོས་བཤད།
         དབུལ་སྒྲོལ་འགག་སྒྲོལ་གྱི་གྲ་སྒྲིག་ལས་དོན་ནི་བརྟག་དཔྱད་དང་མཐིལ་རྟོགས་བྱ་རྒྱུ་དེ་ཡིན་པས་བུ་ཆུང་གིས་ཧྲུའུ་ཅིའི་འགན་ཁུར་མ་ཐག་དུད་ཚང་རེ་རེའི་ཡོང་ཁུངས་དང་ཡོང་འབབ་རྩད་ཆོད་བྱས་པས་མཐར་དུད་ཚང་དབུལ་པོ་32གྲལ་བཤེར་ཐུབ་ནས་དེ་དག་ཡོངས་བསྒྲགས་བྱས་པར་བསམ་འཆར་འདོན་མཁན་གཅིག་ཀྱང་བྱུང་མེད།
         བུ་ཆུང་གིས“ལས་ཀ་དེ་འདྲ་བྱས་ན་མི་ཁག་ཅིག་ལ་ཁ་དགྲ་སྣ་དགྲ་གསོག་སྲིད། ཡིན་ནའང་ཏང་དང་སྲིད་གཞུང་གི་ཆེད་དུ་དམངས་སེམས་ཐོབ་བྱུང”ཞེས་བཤད།
         ལོ་57ལ་སླེབས་པའི་གནས་ཆུང་གྲོང་ཚོའི་གྲོང་མི་པ་སངས་དངོས་གྲུབ་ཀྱིས“ཧྲུའུ་ཅི་བུ་ཆུང་ང་ཚོའི་གྲོང་ཚོར་ཕེབས་རྗེས་ཟླ་རེར་མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་དུས་ཐོག་ཏུ་ལེན་རྒྱུ་འདུག”ཅེས་བཤད།
         གཞི་རིམ་མང་ཚོགས་ཁྲོད་ཀྱི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། བུ་ཆུང་གིས་གྲོང་ཚོ་ཚང་མར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་རིང་ཆ་རྐྱེན་དང་མཐུན་པའི་ན་གཞོན་ཏང་ནང་ཞུགས་རྒྱུར་སྐུལ་ལྕག་ཆེན་པོ་བྱས་ཡོད། གདོང་དཀར་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བའི་ལོ་8ནང་གྲོང་ཚོ་དེར་ཕུལ་བྱུང་ན་གཞོན་ཏང་ཡོན་89མང་དུ་ཕྱིན་པ་དང་། གནས་ཆུང་གྲོང་ཚོར་འབྱོར་ནས་ལོ་གཉིས་སོང་རིང་གྲོང་ཚོའི་ཚོགས་ཆུང་9ཚང་མར་ཏང་ཀྲི་པུའུ་བཙུགས་པས་མང་ཚོགས་ཁྲོད་ཀྱི་ཏང་ཡོན་མང་ཚོགས་ཀྱི་འབོད་སྐུལ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།
         བུ་ཆུང་གིས“ཏང་ཡོན་གྱི་ལས་འགན་གལ་འགངས་ཆེ་ཤོས་ནི་མང་ཚོགས་ལ་ཞབས་འདེབས་ཏན་ཏན་ཏིག་ཏིག་ཞུ་རྒྱུ་དེ་ཡིན། དེས་ན་རང་ཉིད་ལ་རེ་བ་ནན་པོ་བཅོལ་ནས་མང་ཚོགས་བློ་ཡིད་ཚིམ་པ་བྱས་ཚེ་མང་ཚོགས་ཀྱི་སྣེ་ཡག་པོ་འཁྲིད་ཐུབ”ཅེས་བཤད།
         གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། བུ་ཆུང་གིས་ཧྲུའུ་ཅིའི་འགན་ཁུར་རྗེས་གནས་ཆུང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དགའ་འཛོམས་བྱེད་སྐབས་སོ་སོས་དངུལ་འདོན་དགོས་ཀྱི་ཡོད། མཉམ་སྡེབ་བྱེད་སྒོ་སྤེལ་སྐབས་གྲོང་ཚོའི་ནང་ཁ་ལག་ཟ་དུས་ཀྱང་མི་ཚང་མའི་ཟས་གྲོན་ནང་ནས་འཐེན་གྱི་ཡོད།
         བུ་ཆུང་གིས“ངས་ལོ་10ལྷག་ཙམ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བྱས་པ་ཡིན། ད་དུང་མུ་མཐུད་དེ་ལྟར་བྱེད་འདོད་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།