འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་སྲིད་པུའུ་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་གནས་སྐབས་ལག་བསྟར་བྱ་ཐབས་
    བཏོན་ནས་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་
    ཁྲོམ་རར་ཞུགས་པའི་ཐད་ངེས་པར་དུ་གནས་ཐང་འཕར་བའི་ཁེ་འབབ་
    ལེགས་སྒྲིག་དངུལ་བསྡུ་དགོས་ལུགས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་པུའུ་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་མཉམ་འབྲེལ་ཐོག་《གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆའི་གནས་ཐང་འཕར་བའི་ཁེ་འབབ་ལེགས་སྒྲིག་དངུལ་བསྡུ་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》(གཤམ་ལ་《གནས་སྐབས་ལག་བསྟར་བྱ་ཐབས་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆའི་གནས་ཐང་འཕར་བའི་ཁེ་འབབ་དོ་དམ་ཚད་ལྡན་དུ་བཏང་ཡོད། 《གནས་སྐབས་ལག་བསྟར་བྱ་ཐབས་》འདོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་དང་། མཉམ་སྡེབ། མི་སྒེར་བཅས་ཀྱི་ས་ཆའི་གནས་ཐང་འཕར་བའི་ཁེ་འབབ་བགོ་བཤའི་ལམ་སྲོལ་བཟོས་ནས་ཞིང་པས་དྲང་གཞག་ངང་ས་ཆའི་གནས་ཐང་འཕར་བའི་ཁེ་འབབ་ལོངས་སུ་སྤྱོད་རྒྱུ་འགན་ལེན་ཐུབ་པ་བྱ་རྒྱུ་དེ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 《གནས་སྐབས་ལག་བསྟར་བྱ་ཐབས་》དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པའི་སྒྱུར་བཅོས་ཚོད་ལྟའི་རྫོང་(གྲོང་ཁྱེར་དང་ཆུས)15ལ་ལག་བསྟར་བྱ་རྒྱུར་འཚམ་པ་དང་གོ་ཆོད་དུས་ཚོད་2017ལོའི་ཟླ་12ཚེས་31ཉིན་བར་ཡིན། 《གནས་སྐབས་ལག་བསྟར་བྱ་ཐབས་》ནང་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པའི་ལྷུ་ཚིགས་བརྒྱུད་ཁྲོམ་ཞུགས་ཀྱི་ཁེ་འབབ་ཐོབ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་ནང་བཤུག་ལྷུ་ཚིགས་བརྒྱུད་ནས་ནང་བཤུག་གི་ཁེ་འབབ་ཐོབ་པའི་ས་སྤྱོད་དབང་ཆ་ཐོབ་མཁན་གྱིས་རྒྱལ་ཁབ་ལ་ལེགས་སྒྲིག་དངུལ་འཇལ་དགོས། ལེགས་སྒྲིག་དངུལ་དེ་ཁྲོམ་རར་ཞུགས་པའམ་ཡང་ན་ནང་བཤུག་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆའི་གནས་ཐང་འཕར་བའི་ཁེ་འབབ་གཞིར་བཟུང་20%ནས་50%བར་བསྡུ་དགོས། ཞིབ་ཕྲའི་བསྡུ་ལེན་གྱི་བསྡུར་ཚད་དེ་ཚོད་ལྟའི་རྫོང་གི་ས་ཆའི་གནས་ཐང་འཕར་བའི་ཁེ་འབབ་ཀྱི་གནས་ཚུལ་ལ་གཞིགས་པ་དང་ས་ཆ་སྤྱོད་ཡུལ་དང་། ས་ཆའི་རིམ་པ། ཉོ་ཚོང་བྱ་ཐབས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། 《གནས་སྐབས་ལག་བསྟར་བྱ་ཐབས་》ནང་ལེགས་སྒྲིག་དངུལ་ཚང་མ་ཚོད་ལྟའི་རྫོང་གི་ས་གནས་ཀྱི་རྒྱལ་མཛོད་ནང་འཇུག་དགོས་པ་དང་ས་གནས་ཀྱི་སྤྱི་པའི་སྔོན་རྩིས་དོ་དམ་ནང་བཞག་ནས་ཚོད་ལྟའི་རྫོང་གི་ནོར་སྲིད་སྡེ་ཚན་གྱིས་སྤྱི་འདོམས་བཀོད་སྒྲིག་ཐོག་སྤྱོད་དགོས་པ་དང་ཚོད་ལྟ་བྱེད་རིང་ཞིང་ཆེན་དང་གྲོང་ཁྱེར་ལེགས་སྒྲིག་དངུལ་བགོ་བའི་ནང་ཞུགས་མི་ཆོག་པ་དང་ལེགས་སྒྲིག་དངུལ་བསྡུ་མཁན་སྡེ་ཚན་གྱིས་དུས་བཀག་ལྟར་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་འཛུགས་སྐྲུན་ས་སྤྱོད་ཀྱི་ཚོང་འགྲིག་པའི་གནས་ཚུལ་དང་དེ་བཞིན་ལེགས་སྒྲིག་དངུལ་འཇལ་བའི་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པ་བཏོན་ཡོད།
         《གནས་སྐབས་ལག་བསྟར་བྱ་ཐབས་》ནང་ལེགས་སྒྲིག་དངུལ་འཇལ་སྤྲོད་འཛིན་ཡིག་ནི་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པ་དང་སླར་ཡང་ནང་བཤུག་བྱེད་པའི་གཏན་འཇགས་རྒྱུ་དངོས་ཀྱི་ཐོ་འགོད་འགྲོ་ལུགས་གཉེར་བའི་གལ་ཆེའི་གཞི་འཛིན་ས་ཞིག་ཡིན། ལེགས་སྒྲིག་དངུལ་དེ་རྩ་དོན་ཐོག་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ནང་བཤུག་གཏོང་མཁན་དང་། བོགས་མར་གཏོང་མཁན། གོང་རྒྱག་པ་དང་མ་དངུལ་གཏོང་མཁན་(མ་རྐང་ནང་ཞུགས་པ)དང་དེ་བཞིན་སླར་ཡང་ནང་བཤུག་གཏོང་མཁན་བཅས་ཀྱིས་འཇལ་དགོས་པ་དང་ལེགས་སྒྲིག་དངུལ་འཇལ་མཁན་གྱིས་གན་རྒྱ་དང་། གྲོས་མཐུན། དེ་བཞིན་དངུལ་འཇལ་བརྡ་ཐོའི་གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་དངུལ་སྤྲོད་དགོས་པ་དང་གཏན་འབེབས་ལྟར་ལེགས་སྒྲིག་དངུལ་མི་འཇལ་མཁན་ལ་ནོར་སྲིད་དང་རྒྱལ་ཁབ་ས་ཆ་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྤྱད་ནས་ལྟ་སྐུལ་དང་གསབ་འཇལ་བྱེད་དུ་འཇུག་རྒྱུའི་དབང་ཆ་ཡོད་པའི་གཏན་འབེབས་བྱས་ཡོད།
         《གནས་སྐབས་ལག་བསྟར་བྱ་ཐབས་》ནང་ད་དུང་གཤམ་གསལ་གྱི་གནས་ཚུལ་གྲས་ཏེ། རང་དགར་ལེགས་སྒྲིག་དངུལ་རྩ་ཆག་གཏོང་བའམ་ཡང་ལེགས་སྒྲིག་དངུལ་བསྡུ་བའི་ཁྱབ་རྒྱ་དང་། བསྡུ་ལེན་བྱ་ཡུལ། ཚད་གཞི་བཅས་ལ་འགྱུར་ལྡོག་གཏོང་མཁན་དང་། འཇལ་སྤྲོད་བྱེད་དགོས་པའི་ལེགས་སྒྲིག་དངུལ་སྦ་གསང་དང་འབབ་སྒོ་ཐད་གཏོང་བྱེད་མཁན། འཇལ་སྤྲོད་བྱེད་དགོས་པའི་ལེགས་སྒྲིག་དངུལ་བཀག་པ་དང་། བཅད་ཉར། སྒེར་སྤྱོད་བཅས་བྱེད་མཁན། གཏན་འབེབས་བྱས་པའི་སྔོན་རྩིས་ཀྱི་རིམ་པ་དང་སྔོན་རྩིས་ཀྱི་ནང་དོན་ལ་མི་གཞིགས་པར་ལེགས་སྒྲིག་དངུལ་རྒྱལ་མཛོད་ནང་འཇུག་མཁན། རྒྱལ་ཁབ་ཀྱི་ནོར་སྲིད་ཡོང་འབབ་དོ་དམ་གཏན་འབེབས་ལས་འགལ་མཁན་བཅས་ཀྱི་བྱེད་སྤྱོད་གཞན་བཅས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།