འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་ཚོགས་ཆེན་ཐོག་གྲོང་ཁྱེར་མནའ་འབྲེལ་འཛུགས་རྒྱུའི་གཏན་
    འབེབས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་དར་གོས་ལམ་བུའི་དྲ་བའི་སྤེལ་རེས་ལས་སྟེགས་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་གཉིས་པ་དེ་ཚེས་12ཉིན་སི་ཕེན་གྱི་པ་ལུན་ཤི་ཡ་གྲོང་ཁྱེར་གྱི་གནའ་བོའི་དར་གོས་ཚོང་དོན་ལྟེ་གནས་ལུང་ཧ་ཕོ་བྲང་དུ་གྲོལ་ཞིང་། ཚོགས་ཆེན་ཐོག་《པ་ལུན་ཤི་ཡའི་གསལ་བསྒྲགས་》ཁྱབ་བསྒྲགས་བྱས་ནས་གྲོང་ཁྱེར་གྱི་མནའ་འབྲེལ་བཙུགས་ཏེ་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་རིག་གནས་སྤེལ་རེས་དང་དེ་བཞིན་དཔལ་འབྱོར་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         འདི་ཟླའི་ཚེས་8ནས་12ཉིན་བར་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་རྒྱལ་ཁབ་40ཙམ་དང་རྒྱལ་སྤྱིའི་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་འཐུས་མི་རིག་གནས་སྤེལ་རེས་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ། ཚོང་དོན་དར་རྒྱས་བཅས་དང་དེ་བཞིན་ཡུལ་སྐོར་དང་ཞི་བདེ་བརྗོད་བྱ་གཙོ་བོར་བྱས་པའི་ཚོགས་འདུ་རབ་དང་རིམ་པར་ཞུགས་ཡོད་པ་རེད། དེའི་དམིགས་ཡུལ་ནི་དར་གོས་ལམ་བུའི་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་དངོས་དོན་མཉམ་ལས་བརྒྱུད་ཡུལ་སྐོར་ལས་རིགས་སོགས་ལས་རིགས་ཁག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས་གཉིས་ཁེ་གཉིས་ཕན་གྱི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།
         སི་ཕེན་གྱི་རིག་གནས་ལོ་རྒྱུས་གནའ་གྲོང་སྟེ་པ་ལུན་ཤི་ཡར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་2016ལོའི་འཛམ་གླིང་གི་དར་གོས་ཕ་ཡུལ་ཞེས་མིང་བཏགས་ཡོད་པ་རེད། ཚོགས་འདུ་འཚོག་རིང་གནའ་བོའི་དར་གོས་ལམ་བུའི་འགོ་འཛུགས་ཡུལ་ཀྲུང་གོའི་ཤིས་ཨན་གྲོང་ཁྱེར་དང་པ་ལུན་ཤི་ཡ་གྲོང་ཁྱེར་དབར་མཛའ་གྲོགས་གྲོང་ཁྱེར་གྱི་དྲན་ཐོར་མིང་རྟགས་བཀོད་པ་རེད། ཤིས་ཨན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲུའུ་ཀྲེ་ཧྲེང་དང་པ་ལུན་ཤི་ཡ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧུའོ་ཨན་རྣམ་གཉིས་ཀྱིས་རང་ངོས་གྲོང་ཁྱེར་གྱི་ཚབ་ཞུས་ནས་དྲན་ཐོར་མིང་རྟགས་བཀོད་པ་རེད།
         ཚོགས་འདུའི་ཐོག་པ་ལུན་ཤི་ཡ་གྲོང་ཁྱེར་གྱི་ལོ་ངོ་500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི“པ་ལུན་ཤི་ཡ་དར་གོས་སྒྱུ་རྩལ་སློབ་གླིང”ལ“མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་2016ལོའི་དར་གོས་ཚོགས་ཆེན་གྱི་བྱ་དགའ”སྤྲད་དེ་ཡོ་རོབ་ཀྱི་ཆེས་གནའ་བོའི་ལས་རིགས་ཀྱི་ཀུན་སྤྱོད་དང་ལག་ཤེས་བཟོ་རྩལ་རྒྱུད་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བྱས་པའི་ལག་ཤེས་བཟོ་རྩལ་པའི་མཐུན་ཚོགས་ཀྱིས་དུས་རབས་6རིང་གི་རྒྱུན་སྲིང་ལྷོད་མེད་ཀྱི་འབད་བརྩོན་དང་དེ་བཞིན་ལས་རིགས་ཀྱི་ལྷག་བསམ་རྣམ་དག་ལ་གཟེངས་བསྟོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།