འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་རྒྱ་མཚོའི་གནད་དོན་ཐད་འཛིན་པའི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་
    ཀྱི་རྒྱབ་སྐྱོར་སྔར་ལས་མང་བ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧྥི་ལི་ཕིན་ཕྱོགས་རྐྱང་པས་ལྷོ་རྒྱ་མཚོའི་གནད་དོན་འདུམ་གཅོད་གྲོས་གཞི་བཏོན་པར་དམིགས་ནས། ཕྱི་རྒྱལ་གྱི་སྲིད་ཏང་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོ་ཞིག་གིས་ཉེ་དུས་ཆེད་དོན་བཅར་འདྲི་དང་ལེན་བྱེད་པ་དང་གསལ་བསྒྲགས་སམ་ཡང་ན་རྩོམ་ཡིག་སྤེལ་བ་སོགས་ཀྱི་བྱེད་ཐབས་ཐོག་ནས་ལྷོ་རྒྱ་མཚོའི་གནད་དོན་ཐད་འཛིན་པའི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཐད་ཀའི་དོ་བདག་རྒྱལ་ཁབ་ཀྱིས་གྲོས་མོལ་བྱེད་ཐབས་ཐོག་ནས་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་གདན་ཞུ་བྱས་པའི་པུར་ཀ་རི་ཡའི་ཡོ་རོབ་ཡར་ཐོན་བརྩོན་ལེན་སྤྱི་དམངས་ཏང་གི་ཀྲུའུ་ཞི་གཞོན་པ་ཚེ་ཝུའེ་ཐ་ནུའོ་ཕུའུ་ཡིས་པེ་ཅིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། མངའ་ཁོངས་དང་རྒྱ་མཚོའི་རྩོད་གཞི་དེ་རིགས་སྐད་ཆ་ཤོད་རེས་དང་གྲོས་མོལ་སོགས་བྱས་ཏེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས་ལྷོ་རྒྱ་མཚོའི་གནད་དོན་དེ་ཐད་ཀའི་དོ་བདག་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ས་ཁུལ་གྱི་ཁྱབ་ཁོངས་ནང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་དགོས། མངའ་ཁོངས་ཕྱིའི་རྒྱལ་ཁབ་ཀྱིས་ཀྱང་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོས་སྐད་ཆ་ཤོད་རེས་དང་གླེང་མོལ་སོགས་ཀྱི་བྱེད་ཐབས་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་པ་ལས་བྱེད་ཐབས་གཞན་དག་སྤྱོད་རྒྱུའི་ངན་སྐུལ་བྱེད་མི་རུང་བའི་ངོས་འཛིན་གནང་བ་རེད།
         གཞན་ཡང་། ཚེ་ཝུའེ་ཐ་ནུའོ་ཕུའུ་ཡིས་ད་དུང་པུར་ཀ་རི་ཡར་ཤུགས་རྐྱེན་ངེས་ཅན་ལྡན་པའི་《ཆུ་ཚོད་24ཡི་ཚགས་པར་》ཐོག་རྩོམ་ཡིག་སྤེལ་ནས་ཀྲུང་གོས་ཞི་བའི་བྱེད་ཐབས་སྤྱད་དེ་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བསྐྱར་བསྒྲགས་ཀྱང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་ཀྲུང་གོར་འཚམས་འདྲི་གནང་རྒྱུ་གདན་ཞུ་བྱས་པའི་ཝུ་ཀན་ཏ་རྒྱལ་ཡོངས་འགོག་རྒོལ་ལས་འགུལ་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞོན་ནུ་ཚོགས་པའི་ཀྲུའུ་ཞི་ནཱ་སའར·ཁ་ཀྲ་ཧྥེ་ཡིས་ཧྥི་ལི་ཕིན་གྱིས་འདུམ་གཅོད་བྱ་རྒྱུ་འཚོལ་བ་དེ“གདམ་ག་ཡག་ཤོས་དེ་མ་ཡིན”“ཀྲུང་གོས་སྐད་ཆ་ཤོད་རེས་ཀྱི་ཐོག་ནས་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་པས་ངས་ཧྥི་ལི་ཕིན་ལ་ཀྲུང་གོ་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་ཀྱིས་རྩོད་གཞི་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
         ཉིན་ཤས་གོང་ཕ་ཁི་སི་ཐན་མི་དམངས་ཏང་གིས་ཕ་ཁི་སི་ཐན་གྱི་གྲགས་ཅན་དབྱིན་ཡིག་ཚགས་པར་《ཐོ་རེངས་ཚགས་པར་》ཐོག་རྩོམ་ཡིག་སྤེལ་ནས་ཏང་དེས་ལྷོ་རྒྱ་མཚོའི་གནད་དོན་ཐད་འཛིན་པའི་ཀྲུང་གོའི་རྩ་དོན་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལྷོ་རྒྱ་མཚོའི་གནད་དོན་དེ་དོ་བདག་རྒྱལ་ཁབ་ཀྱིས་ད་ཡོད་ཀྱི་ཕྱོགས་གཉིས་པོའི་གྲོས་མཐུན་དང་དེ་བཞིན་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ལ་གཞིགས་ནས། ཕྱོགས་གཉིས་པོས་གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         ཧྥི་ལི་ཕིན་གྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་གྲོས་གཞིའི་བདག་སྐྱོང་དབང་ཆའི་གནད་དོན་བཏོན་པར་འཛིན་པའི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ཡིག་ཆར་ཞིབ་འཇུག་ནན་ཏན་བྱས་རྗེས། ཁམ་ཕུ་ཁྲེའི་ཕུང་ཤིན་པི་ཁེ་ཏང་གིས་གསལ་བསྒྲགས་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ཀྱི་འབྲེལ་ཡོད་རྩ་དོན་རྨང་གཞིར་བྱས་ཏེ་ཞི་བའི་སྒོ་ནས་ལྷོ་རྒྱ་མཚོའི་འབྲེལ་ཡོད་གནད་དོན་གྱི་རྩོད་གཞི་ཐག་གཅོད་མཐའ་གཅིག་ཏུ་བྱེད་པར་བསྔགས་བརྗོད་བྱས་པ་རེད།
         རྒྱལ་སྤྱིའི་ཉམས་ཉེན་རྩ་འཛུགས་ཀྱི་སྤྱི་ཁྱབ་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེ་སྔའི་དྲུང་ཆེ་གཞོན་པ་གེ་ནུའོ་ཡིས་ཉེ་དུས་པེ་ཅིང་དུ་མིག་སྔར་ལྷོ་རྒྱ་མཚོའི་གནད་དོན་དེ་ད་དུང་ཉམས་ཉེན་ཞིག་གཏན་ནས་མིན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ནང་བདག་དབང་གནད་དོན་ཐད་འདུམ་གཅོད་བྱེད་འགན་འཁུར་གྱི་མེད། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གི་བདག་དབང་རྩོད་གཞི་དེ་གྲོས་མོལ་ཐག་གཅོད་བྱེད་པ་ལས་སྤྱི་ཆིངས་ལས་རྒྱབ་འགལ་བྱེད་མི་རུང་ཞེས་གསུངས་པ་རེད།
         ཧྥི་ལི་ཕིན་ཕྱོགས་རྐྱང་པས་ལྷོ་རྒྱ་མཚོའི་གནད་དོན་འདུམ་གཅོད་གྲོས་གཞི་བཏོན་པར་དབྱིན་ཇིའི་ཚོགས་པའི་སྤྲོ་སྐྱིད་ཁང་48ཀྱི་ཀྲུའུ་ཞི་ཧྥེ་ལི་ཡིས“གོ་ལ་ཧྲིལ་པོའི་ཀྲུང་གོའི་ཤུགས་རྐྱེན”(CHINA GLOBAL IMPACT)ཞེས་པའི་དྲ་ཚུགས་ཐོག་རྩོམ་ཡིག་སྤེལ་ནས་འདུམ་གཅོད་གྲོས་གཞི་དེར་སྐྱོན་ཆ་ལྡན་པས་ཞིབ་བརྟག་ཡང་ཡང་བྱེད་ཐབས་བྲལ་ཡོད་ཅེས་གསུངས། ཨ་རིས་ཀྲུང་གོས་འདུམ་གཅོད་སྒྲིག་གཞིའི་ཐག་གཅོད་དང་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད་མོད། འོན་ཀྱང་ཨ་རིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་》ལ་ངོས་འཛིན་གཅིག་མཐུན་བྱུང་ནས་ལོ་མང་སོང་རྗེས་སྤྱི་ཆིངས་ལ་ཆོག་མཆན་སྤྲོད་ཀྱི་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།