འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ལྷོ་རྒྱ་མཚོའི་གནད་དོན་ཐད་རྒྱལ་ཁབ་ཁ་ཤས་ཀྱིས་ཀྲུང་གོར་བཏོན་པའི་
    མ་ཉེས་ཁ་གཡོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབ་བྱེད་མི་ཐུབ་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་16ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རྒྱལ་ཁབ་ཁ་ཤས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་ཐད་དཀྲོག་གཏམ་བཟོས་ནས་ཀྲུང་གོར་མ་ཉེས་ཁ་གཡོགས་བྱས་པ་དེས་དོན་ངོ་མ་འགེབས་མི་ཐུབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབ་ཀྱང་བྱེད་མི་ཐུབ་ཅེས་བཤད་པ་རེད།
         གསར་འགོད་པ་ཞིག་གིས་དྲིས་པར། སི་ར་ལ་ཨོང་སྲིད་གཞུང་དང་ཁེན་ནི་ཡ་སྲིད་གཞུང་གིས་ཉེ་ཆར་ལྷོ་རྒྱ་མཚོའི་གནད་དོན་ཐད་གསལ་བསྒྲགས་སྤེལ་ནས་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བཤད་ཡོད། རྒྱལ་ཁབ་60ཙམ་གྱིས་ཡོངས་བསྒྲགས་ངང་ཀྲུང་གོའི་འདོད་ཚུལ་ལ་རྒྱབ་སྐྱོར་ཞུ་རྒྱུའི་རྣམ་འགྱུར་བསྟན་ཡོད། ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཇེ་མང་དུ་འགྲོ་བ་དེ་ནི་ཀྲུང་གོ་སྲིད་གཞུང་གིས་ལས་དོན་སྤེལ་བའི་གྲུབ་འབྲས་ཡིན་ནམ། ཀྲུང་གོ་སྲིད་གཞུང་གིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་རང་ཉིད་ཀྱི“གྲོགས་ཚོགས”རྒྱ་ཆེར་ཧུར་ཐག་གཏོང་གི་ཡོད་དམ།
         ལུའུ་ཁང་གིས་ལྷོ་རྒྱ་མཚོའི་གནད་དོན་ནི་ཀྲུང་གོ་དང་ལྷོ་རྒྱ་མཚོའི་མཐའ་འཁོར་རྒྱལ་ཁབ་འགའ་ཤས་དབར་གྱི་གནད་དོན་ཙམ་ཡིན། ཀྲུང་གོས་སྔར་ནས་ད་བར་གནད་དོན་དེ་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུའི་འདོད་པ་མེད། 2002ལོར་བཞག་པའི་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ཡིན་ནའང་འདྲ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཉེ་དུས་བཏོན་པའི“བསམ་ཕྱོགས་གཉིས”གང་ཞིག་ཡིན་རུང་ཚང་མས་ལྷོ་རྒྱ་མཚོའི་འབྲེལ་ཡོད་མཚོ་གླེའི་བདག་དབང་རྩོད་གླེང་དེ་ཐད་ཀའི་དོ་བདག་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་མཛའ་གྲོགས་གྲོས་མོལ་བྱས་ཏེ་ཐག་གཅོད་འོས་འཚམ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དོན་དངོས་ཐོག་བསམ་ཕྱོགས་དེ་གཞིར་འཛིན་པ་ལས་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཕྱོགས་འགལ་ཚོད་འཛིན་ཐུབ་པ་དང་བརྟན་ལྷིང་སྲུང་སྐྱོང་ཐུབ་པ་མ་ཟད། ཚོང་ལས་མཚོ་འགྲུལ་དང་འཕུར་སྐྱོད་ཀྱི་རང་དབང་དང་བདེ་འཇགས་ལ་གནད་དོན་གཅིག་ཀྱང་ཐོན་མེད། ཕྱི་ཁོངས་རྒྱལ་ཁབ་ཀྱིས་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱི་འབད་བརྩོན་ལ་བརྩི་འཇོག་བྱེད་དགོས་ཞེས་བཤད་པ་རེད།
         ཁོང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཁ་ཤས་ཀྱིས་སྒེར་ཕན་ཁོ་ན་བསམས་ནས་ས་ཁུལ་དེ་གའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་མ་བཏང་བར་ཨུ་ཚུགས་ཀྱིས་ས་ཁུལ་དེ་གར་སྒྲོ་འདོགས་དང་ཐ་ན་ཛ་དྲག་གི་སྣང་ཚུལ་བཟོ་བ་དང་། ས་ཁུལ་དེ་གའི་རྒྱལ་ཁབ་ཁག་གཅིག་ལ་ངན་སྐུལ་གྱིས་ཁས་ལེན་རྒྱབ་འགལ་བྱེད་དུ་འཇུག་པ། “སྲུང་སྐྱོང་སྒྲིག་སྲོལ”གྱི་མིང་ཐོག་ནས་སྒྲིག་སྲོལ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་གཏོར་བཤིག་གཏོང་བ་མ་ཟད་དཀར་ནག་ཕྱིན་ཅི་སློག་པ་དང་གླེང་ཕྱོགས་ཀྱི་ཁ་ལོ་སྒྱུར་ཏེ་ཀྲུང་གོར་མ་ཉེས་ཁ་གཡོགས་བྱེད་ཀྱི་ཡོད་ཅེས་བཤད།
         “གནས་ཚུལ་དེ་འདྲའི་འོག་ཀྲུང་གོར་སེམས་ཁུར་དང་མཛའ་བརྩེ་བཅངས་མཁན་རྒྱལ་ཁབ་ཁག་གཅིག་གིས་ཀྱང་ང་ཚོའི་ས་ནས་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་ཀྱི་ཡོད། གནས་ཚུལ་འགྲིག་མིན་གསལ་འབྱེད་ཀྱི་བདེན་རྫུན་དྲང་འཁྱོག་གསལ་པོ་ཤེས་རྗེས་སི་ར་ལ་ཨོང་སྲིད་གཞུང་དང་ཁེན་ནི་ཡ་སྲིད་གཞུང་ཙམ་མ་ཟད་ཁོང་ཚོའི་གོང་གི་རྒྱལ་ཁབ་བཅུ་གྲངས་ཚུད་པའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་དྲང་གཞག་རྒྱུན་འཛིན་དང་དྲང་བདེན་གྱི་སྐད་ཆ་ཤོད་འདོད་བྱེད་ཀྱི་ཡོད། དེའི་ཐད་ང་ཚོས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཐོག་ནས་བདེན་པ་ཡོད་ན་རོགས་པ་མང་བ་དང་བདེན་པ་ཡོད་མེད་གཟུར་གནས་ཀུན་གྱིས་རྟོགས་ཞེས་པ་དེ་གསལ་བཤད་ཐུབ། གནས་ཚུལ་ངོ་མ་དེ་འདྲའི་མདུན་དུ་དཀྲོག་གཏམ་བཟོས་ནས་ཀྲུང་གོར་མ་ཉེས་ཁ་གཡོགས་བྱེད་མཁན་རྒྱལ་ཁབ་ཁ་ཤས་དེ་དག་གིས་ཡག་ཤོས་བྱུང་ན‘རྒྱལ་སྤྱིའི་སྤྱི་ཚོགས’ཞེས་རང་བསྟོད་མ་བྱེད་ཅིག གང་ལྟར་གླེང་ཕྱོགས་ཀྱི་ཁ་ལོ་སྒྱུར་ནའང་དོན་ངོ་མ་འགེབས་མི་ཐུབ་ལ་རྒྱལ་ཁབ་བདུན་བརྒྱད་ཙམ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚབ་བྱེད་མི་ཐུབ”ཅེས་ལུའུ་ཁང་གིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།