འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཱ་ཡུན་དང་ཀྲ་ཁེ་པོ་ཁེ་དབར་གྱི་འདུ་འཛོམས།

    —— མཱ་ཡུན་གྱིས་ཀྲ་ཁེ་པོ་ཁེ་དང་ཏེའོ་ཡུས་ཐའེ་རུ་གསར་གཏོད་ཀྱི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཱ་ཡུན་དང་ཀྲ་ཁེ་པོ་ཁེ་དབར་གྱི་འདུ་འཛོམས།
          “ངས་ཀྲུང་གོའི་ཚོགས་འདུ་གཉིས་དང‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་མཱ་ཡུན་དང་གསར་གཏོད་ཀྱི་སྐོར་གླེང་བ་ལས་སྤྲོ་བ་དཔག་མེད་བྱུང”ཞེས་ལེན་ཕུའུ་ཀུང་སིའི་སྲོལ་གཏོད་པ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཀྲ་ཁེ་པོ་ཁེ་ཡིས་རྒྱ་སྐད་ཐོག་ནས་གཏམ་གླེང་བྱེད་འགོ་བཙུགས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”སྐོར་གླེང་སྐབས་ཁོང་གིས་སྐད་གསང་མཐོན་པོས་ནན་བཤད་བྱས་པས་དེར་ཡོད་པའི་ལྟད་མོ་བ་ཚོ་གད་མོ་ཤོར་བ་རེད།
         ཚེས་19ཉིན་ཀྲ་ཁེ་པོ་ཁེ་དང་ཨ་ལི་པ་པ་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་མཱ་ཡུན་གཉིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རུ་འཛོམས་ནས“ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་2016”ཅེས་པའི་དཔལ་འབྱོར་དབུ་ཚོགས་ལ་ཞུགས་ཤིང་། དྲ་རྒྱའི་ཚོང་པ་ཆེན་པོ་གཉིས་དབར་གྱི“མཐོ་རིམ་གླེང་མོལ”ལ་ཚོགས་འདུར་ཞུགས་མཁན་དང་སྨྱན་སྦྱོར་གྱིས་དོ་ཁུར་ཆེན་པོ་བྱེད་པ་དང་ཚོགས་རར་མི་ཚོགས་ཀྱིས་ཁེངས་ཡོད་པ་རེད།
         ཀྲ་ཁེ་པོ་ཁེའི་རྒྱ་སྐད་མིང་ལ“ཞའོ་ཀྲ”ཞེས་འབོད་ཀྱི་ཡོད། མཱ་ཡུན་གྱིས“ཞའོ་ཀྲ་ང་གཉིས་ལོ་དགུའི་གོང་དུ་སྤེལ་བའི་ཏ་ཨོ་སི་གླེང་སྟེགས་ཐོག་ནས་ངོ་ཤེས་བྱུང་། སྐབས་དེར་ངས་ལེན་ཕུའུ་ཞེས་པ་གང་ཡིན་པ་ཤེས་ཀྱི་མེད་ལ་ཞའོ་ཀྲ་ཡིས་ཨ་ལི་ཞེས་པ་གང་ཡིན་པའང་ཤེས་ཀྱི་མེད། འོན་ཏེ་ཕྱོགས་གཉིས་པོས་ཁ་གཏད་ཕྱོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་འདོད་ཡོད”ཅེས་བཤད་པ་རེད།
         བག་ཕེབས་པའི་འགོ་ཚུགས་གཏམ་བཤད་བྱས་རྗེས་གཙོ་སྐྱོང་པས་དྲི་བ་དང་པོ་དེ་བཏོན་པ་སྟེ། “གསར་གཏོད་ཅེས་པར་གོ་བ་ཇི་འདྲ་ཞིག་ལེན་དགོས་སམ”
         ཀྲ་ཁེ་པོ་ཁེ་ཡིས་གསར་གཏོད་བྱེད་པ་ནི་འབྱུང་འགྱུར་ལོ་བཅུའམ་ཡང་ན་དུས་ཚོད་དེ་བས་རིང་པོ་ཞིག་གི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་ཞེས་བཤད་པ་རེད། མཱ་ཡུན་གྱིས་གསར་གཏོད་ནི་ནུས་པ་ལྡན་ལ་ལག་རྩལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།
         “མི་དང་འཕྲུལ་འཁོར་དབར་གྱི་མིག་མངས་དམག་ཆེན”ལ་ལྟ་སྟངས་འཛིན་ཚུལ་གང་ཡིན་སྐོར་འདྲི་སྐབས་ཀྲ་ཁེ་པོ་ཁེ་ཡིས་ད་རེས་ཀྱི་མིག་མངས་འགྲན་བསྡུར་དེ་མི་བཟོས་རིག་ནུས་ཀྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་ཞེས་བཤད་པ་རེད།
         “ངས་བྱས་ན་འཕྲུལ་འཁོར་ལ་རིག་ནུས་ལྡན་ཚད་མིའི་རིགས་ལས་ལྷག་ཀྱང་བློ་གྲོས་ལྡན་ཚད་མིའི་རིགས་ལས་ལྷག་པ་མེད”མཱ་ཡུན་གྱིས་མིའི་རིགས་ནི་བློ་གྲོས་ལྡན་པ་ཞིག་རེད། ཡིན་ནའང་འཕྲུལ་འཁོར་ལ་མཛའ་གཅུགས་དང་བརྩེ་དུང་ཐད་ཀྱི་ཚོར་སྣང་གང་ཡང་མེད། ང་ཚོས་འཕྲུལ་འཁོར་སྤྱད་དེ་གནད་དོན་ཐག་གཅོད་བྱས་ནས་འཕྲུལ་འཁོར་དེ་གནད་དོན་ཐག་གཅོད་བྱེད་པའི་ལག་ཆ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།
         ཀྲ་ཁེ་པོ་ཁེ་ཡིས་མི་བཟོས་རིག་ནུས་ལ་མདུན་ལམ་ཆེ་བའི་ཡིད་ཆེས་ཆེན་པོ་བྱེད་ཅིང་། ཁོང་གིས་མི་མེད་འཁོར་གཏོང་དེ་མི་ཡོད་འཁོར་གཏོང་ལས་བདེ་འཇགས་ཆེ་བ་ཡོད། གསོ་རིག་ངོས་ནས་བརྗོད་ན། མི་བཟོས་རིག་ནུས་ཀྱིས་ནད་དཔྱད་ཀྱི་གནད་འཁེལ་ཚད་དང་སྨན་བཅོས་ཀྱི་གོ་ཆོད་ཚད་མཐོ་རུ་གཏོང་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།
         མཱ་ཡུན་གྱིས་འབྱུང་འགྱུར་ལག་རྩལ་ལ་ཆ་མཚོན་ན་མི་ལུས་ཚན་རིག་ཐད་ཚད་བརྒལ་སྔར་བས་ཆེན་པོ་ཡོང་རྒྱུ་རེད། མི་རྣམས་ཀྱིས་བར་སྣང་ཁམས་ལ་ཤེས་རྟོགས་བྱེད་ཤུགས་ཇེ་ཆེར་བཏང་ནའང་རང་ཉིད་ཀྱི་ལུས་པོར་ཤེས་རྟོགས་བྱུང་ཚད་དམའ་པོ་རེད། དེས་ན་འབྱུང་འགྱུར་ལོ་སུམ་ཅུ་བཞི་བཅུའི་ནང་མིའི་རིགས་ཀྱིས་རང་ཉིད་ལ་ཤེས་རྟོགས་གཏིང་ཟབ་ཅིག་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         མཱ་ཡུན་གྱིས་ཀྲུང་གོའི་རིག་གནས་ཐད་བློ་གྲོས་ལ་སྣང་ཆེན་དང་ནུབ་ཕྱོགས་ཀྱིས་ཤེས་བྱར་སྣང་ཆེན་བྱེད་ཀྱི་ཡོད། ཤར་ནུབ་ཕྱོགས་གཉིས་ཀྱི་རིག་གནས་མི་འདྲ་བ་གཉིས་པོས་ཕན་ཚུན་མིག་ལྟོས་དང་ཕན་ཚུན་རོགས་ལས་བྱས་ན་གཞི་ནས་འབྱུང་འགྱུར་སྔར་བས་ཡག་པོ་ཞིག་ཡོང་ཐུབ་ཅེས་བཤད་པ་རེད།
         ཀྲུང་ཨའི་བྱ་གཞག་གསར་གཏོད་ཀྱི་དཔེ་མཚོན་ལྟ་བུ་ཡིན་པའི་ཁོང་གཉིས་པོས་རང་རང་སོ་སོའི་ཉམས་མྱོང་དང་ཟུང་འབྲེལ་གྱིས་བྱ་གཞག་གསར་གཏོད་པར་གྲོས་འགོ་འགའ་ཞིག་བཏོན་ཡོད། “གནད་དོན་གང་འདྲ་བྱས་ནས་ཐག་གཅོད་བྱ་རྒྱུར་བསམ་བློ་གཏོང་དགོས་པ་ལས་ཀུང་སི་ཞིག་གང་འདྲ་བྱས་ནས་འཛུགས་རྒྱུར་བསམ་བློ་ཁོ་ན་གཏོང་རྒྱུ་མེད”ཀྲ་ཁེ་པོ་ཁེ་ཡིས་མི་མང་པོ་ཞིག་གིས་གནད་དོན་གང་འདྲ་བྱས་ནས་ཐག་གཅོད་བྱ་རྒྱུ་བསམ་བློ་མི་འཁོར་གོང་ལ་ཀུང་སི་བཙུགས་པ་ནི་ངས་བྱས་ན་སྨྱོན་པའི་བྱ་སྤྱོད་ཅིག་རེད་ཅེས་བཤད་པ་རེད།
         “གལ་ཏེ་ཁྱེད་ལ་ཕུགས་བསམ་ལྡན་ན་ཁྱེད་ཀྱིས་དངུལ་གྱི་ཆེད་དུ་བྱ་བ་དེ་བྱེད་མི་སྲིད། ང་ནི་དགེ་རྒན་བྱེད་མྱོང་བའི་མི་ཞིག་ཡིན། ངས་ངའི་སློབ་མ་ཚོ་ང་ལས་ལྷག་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ལག་རྩལ་ལས་མི་རྣམས་ལ་འཚོ་བ་སྔར་བས་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བའི་འདུན་པ་ཆེན་པོ་འཆང་གི་ཡོད”ཅེས་མཱ་ཡུན་གྱིས་བཤད་པ་རེད།
    ༄༅།།མཱ་ཡུན་དང་ཀྲ་ཁེ་པོ་ཁེ་དབར་གྱི་འདུ་འཛོམས།
      

    ཕྱོགས་བསྡུས་གསར་འགྱུར།