འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥེ་རི་ཁར་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་གྱི་མི་མངོན་པའི་
    སྟོབས་ཤུགས་ཆེན་པོ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་ཨ་ཧྥེ་རི་ཁ་དང་ནི་ཀྲེ་རི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆེ་མོའི་དངུལ་ལོར་དེ་ཨ་སྒོར་ལ་བརྗེ་བའི་འཛའ་ཐང་མུ་མཐུད་ཆག་པའི་སྐབས་འདིར་ཨ་ཧྥེ་རི་ཁའི་དངུལ་ཁང་ཆེ་ཤོས་ཡིན་པའི་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་ཤར་ཨ་ཧྥེ་རི་ཁ་ཁུལ་གྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཅི་པུ་ལན·ཁེ་ལའེ་ཧྲིས་ཉེ་ཆར་ནེ་རོ་པིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས་མི་དམངས་ཤོག་སྒོར་དེ“དམིགས་བསལ་དངུལ་ལེན་དབང་ཆའི་ཁོངས་སུ་ཚུད་པ”དང་དེ་བཞིན་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་གྱིས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཐད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད་དེའི་ཚོང་དོན་མ་གནས་དང་དངུལ་བརྗེས་འཛའ་ཐང་གི་ཉེན་ཁ་ཆུང་དུ་འགྲོ་རྒྱུ་རེད་ཅེས་གསུངས་པ་རེད།
         ཁེ་ལའེ་ཧྲིས་ཨ་ཧྥེ་རི་ཁ་ནི་ཀྲུང་གོའི་ཚོང་ཟོག་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་གཙོ་བོ་དེ་ཡིན་པ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བ་དེ་མགྱོགས་ལམ་ཞིག་དང་འདྲ་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ནང་འདྲེན་མ་གནས་ཆུང་དུ་འགྲོ་བར་ཕན་ཐོགས་ཡོད་པ་དང་རྒྱལ་སྤྱིའི་ཚོང་དོན་འཕར་བར་སྐུལ་འདེད་གཏོང་རྒྱུ་རེད། “ཀྲུང་གོས་ཁེན་ནི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་གསར་སྐྲུན་བྱས་ཏེ་ས་ཆ་དེ་གའི་བཟོ་ལས་ཅན་གྱི་འཕེལ་རིམ་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་སྐུལ་འདེད་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་གྱི་རིམ་པ་སྔར་བས་འཕར་རྒྱུ་རེད”ཅེས་གསུངས་པ་རེད།
         ཁེ་ལའེ་ཧྲིས“མ་གཞི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁ་ཤས་ལ་སྤོམ་ཆེའི་ཚོང་ཟོག་གཙོ་གྲས་ཀྱི་རིན་གོང་ཆག་པ་ལས་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོའི་ངོས་ནས་བལྟས་ན་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཐད་མ་འཇོག་གི་གོ་སྐབས་སྔར་བཞིན་ཆེན་པོ་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ན་ནིང་མི་དམངས་ཤོག་སྒོར་དེ་དམིགས་བསལ་དངུལ་ལེན་དབང་ཆའི་(SDR)ཁོངས་སུ་འཇུག་རྒྱུའི་ཆོག་མཆན་སྤྲད་པའི་བྱེད་ཐབས་དེར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགའ་བསུ་ཐོབ་དགོས་པ་ཞིག་དང་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རིམ་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་ལ་མདུན་ལམ་ཡང་ཡག་པོ་ཡོད”ཅེས་གསུངས་པ་རེད།
         ཚད་ལྡན་དངུལ་ཁང་དེ་1862ལོར་ལྷོ་ཨ་ཧྥེ་རི་ཁར་ཐོ་འགོད་བྱས་ནས་བཙུགས་པ་དང་མིག་སྔར་ཨ་ཧྥེ་རི་ཁའི་མ་རྩའི་གཞི་ཁྱོན་ཆེ་ཤོས་ཀྱི་དངུལ་ཁང་ཞིག་ཡིན་ཞིང་། 2008ལོར་ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་དངུལ་ཁང་དེའི་རྐང་དབང་20%ཉོས་ནས་རྐང་བདག་ཆེ་ཤོས་ཨང་དང་པོ་དེར་གྱུར་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།