འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཧྥན་ཧྭ་ཕིང་གིས་ལུའུ་ཏེན་ས་ཡོམ་གེགས་ཁུལ་བསྐྱར་སྐྲུན་དུས་མཚམས་གསར་
    པར་སླེབས་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུན་ནན་ཞིང་ཆེན་ཧྲའོ་ཐུང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྥན་ཧྭ་ཕིང་གིས་ཚེས་3ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས། ལུའུ་ཏེན་ས་ཡོམ་གེགས་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་ལས་དོན་ཉེ་ཆར་ཡོངས་སུ་ལེགས་གྲུབ་ཟིན་ཡོད། གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་དུས་མཚམས་གསར་པར་སླེབས་ནས་འགྲིམ་འགྲུལ་དང་། ཆུ་བེད། སྤྱི་པའི་ཞབས་ཞུ། ཐོན་ལས་སྐྱེད་སྲིང་སོགས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
          2014ལོའི་ཟླ་8ཚེས་3ཉིན་བརྒྱབ་པའི་ཡུན་ནན་ལུའུ་ཏེན་གྱི་ས་ཡོམ་རིམ་པ་6.5ལས་ཡུན་ནན་ལུའུ་ཏེན་དང་། ཧུའེ་ཙེ། ཆའོ་ཅ་སོགས་ས་ཆའི་མི་ཁྲི་108.84ལ་གནོད་འཚེ་ཕོག་པ་དང་། མི་617ཤི་བ། མི་112གར་སོང་ཆ་མེད་དུ་གྱུར་བ། མི་3143ལ་རྨས་སྐྱོན་ཕོག་པ་རེད། གེགས་ཁུལ་གྱི་ཁང་པ་དང་། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་། ཆུ་བེད། སློབ་གསོ། འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཆེན་པོ་ཕོག་ནས་ཐད་ཀར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་200ཙམ་ཕོག་ཡོད་པ་རེད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་འཆར་འགོད་གཞིར་བཟུང་། ལུའུ་ཏེན་གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་274.6བཏང་ནས་ལས་གྲྭ་ཆེན་པོ་6གི་འཛུགས་སྐྲུན་རྣམ་གྲངས་109དང་ལས་གྲྭའི་རྣམ་གྲངས་3195ལག་ལེན་བསྟར་ཡོད། གསར་འགོད་པར་དེ་གོང་ཡུན་ནན་ལུའུ་ཏེན་གྱི་ས་ཡོམ་རིམ་པ་6.5ཡི་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2016ལོའི་ཟླ་2ཚེས་15ཉིན་བར་ལུའུ་ཏེན་གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་གྱི་ལྟེ་བའི་ལས་འགན་གྱི་གྲས་ཤིག་ཡིན་པའི་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ལས་འགན་ཡོངས་སུ་ལེགས་གྲུབ་ཟིན་པ་དེའི་ནང་མང་ཚོགས་ཀྱི་སྡོད་ཁང་དུད་ཚང་80868བསྐྱར་སྐྲུན་བྱས་པ་དང་དུད་ཚང་177860སླར་གསོ་བརྟན་གཏོང་བྱས་པ་རེད།
          ཧྥན་ཧྭ་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2014ལོའི་ཟླ་11པར་《ལུའུ་ཏེན་ས་ཡོམ་གྱི་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་》པར་འགྲེམས་བྱས་ཚུན་ལུའུ་ཏེན་གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་ནས་ལོ་གཅིག་ལྷག་ཙམ་ལས་སོང་མེད། “མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་པོ་ཡོད། གལ་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་མེད་ཚེ་གེགས་ཁུལ་མང་ཚོགས་ཚོའི་ཁང་པ་མགྱོགས་པོ་དེ་འདྲ་བསྐྱར་སྐྲུན་བྱེད་མི་ཐུབ”ཅེས་བཤད་པ་རེད།
           ཧྥན་ཧྭ་ཕིང་གིས“མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ལེགས་གྲུབ་ཟིན་པ་དང་སྦྲགས་ལུའུ་ཏེན་གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལས་དོན་དུས་མཚམས་གསར་པར་སླེབས་ཡོད”གེགས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ཚང་མ་འདི་ལོའི་ཟླ་གཉིས་པའི་ཟླ་མཇུག་གོང་གཞི་རྩའི་ཐོག་ལས་འགོ་ཚུགས་པ་དང་འབྲེལ་ཨར་ལས་སྟོབས་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་དང་། ཆུ་བེད། སྤྱི་པའི་ཞབས་ཞུ། ཐོན་ལས་སྐྱེད་སྲིང་སོགས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསར་འགོད་པར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།