འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་སྨྱན་སྦྱོར་ཁག་གིས་གླེང་མང་བའི་བརྡ་ཆད་གསར་པ——ཀྲུང་གོའི་ཚོགས་འདུ་གཉིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པའི་མི་མང་པོ་ཞིག་གིས་ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཀྲུང་གོའི་གནས་བབ་ཀྱང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པས“ཀྲུང་གོའི་ཚོགས་འདུ་གཉིས”ཞེས་པ་དེ་ཉིད་འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་བརྡ་ཆད་ཅིག་ཏུ་གྱུར་ཡོད་ཅེས་བརྗོད་ཀྱི་འདུག
         ཚོགས་འདུ་གཉིས་ཀྱི་བག་ཆགས།
         ཀེན་ན་ཅི·ཁེ་ལི་ཝོ་ཧྲེ་ཡེ་ཕུའུ་ནི་ཨུ་རུ་སུའི་རྒྱལ་སྤྱིའི་ཡིག་སྐྱེལ་གློག་འཕྲིན་ཁང་གི་ཀྲུང་གོར་བཅའ་སྡོད་གསར་འགོད་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ལོ་ལྟར་ཚོགས་འདུ་གཉིས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་ཞིབ་བྱེད་པར་རླུང་ཕྱོགས་སྟོན་པའི་ནུས་པ་ལྡན་ཡོད་པ་ངོས་འཛིན་བྱེད་ཀྱི་འདུག ཁོང་གིས་བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་རིམ་པ་དང་ཚོགས་སྤྱི་མི་འདྲ་བའི་འཐུས་མི་དང་ཨུ་ཡོན་ཚོས་འགན་འཁྲིའི་བསམ་པ་འཆང་བཞིན་པེ་ཅིང་དུ་འཛོམས་ནས་ཡོངས་བསྒྲགས་དང་ལྷག་བསམ་རྣམ་དག་གི་རྣམ་པའི་ཁྲོད་ཀྲུང་གོར་འཕྲད་པའི་འགྲན་སློང་སྣ་ཚོགས་དང་དེར་ཁ་གཏད་གཅོག་ཐབས་ལ་ཞིབ་འཇུག་གྲོས་བསྡུར་ཞིབ་ཚགས་བྱས་ཏེ་རྒྱལ་ཁབ་ཀྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ཆེད་འཆར་འགོད་བཏིང་ལུགས་མཐོང་ཡོད།
         ཁེ་ལི་ཝོ་ཧྲེ་ཡེ་ཕུའུ་ཡིས་ལོ་བཅུ་གྲངས་ཁ་ཤས་གོང་ཀྲུང་གོའི་ཚོགས་འདུ་གཉིས་དཔོག་དཀའ་བ་དང་དོ་སྣང་བྱེད་མཁན་དེ་ཙམ་མང་པོ་མེད་པ་དང་ད་ཆ་ཕྱི་རྒྱལ་གྱི་གསར་འགོད་པའང་ཟུར་ཉན་བྱེད་ཆོག་པས་དེ་ཐོག་ནས་ཀྲུང་གོའི་སྒོ་དབྱེ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་མཚོན་གྱི་འདུག་ཅེས་བརྗོད་ཀྱི་འདུག
         ཨེ་ཅིབ་དབུས་ཤར་གསར་འགྱུར་ཁང་ཏུང་ཧྲི་ལྷན་ཚོགས་ཀྱི་ཁོངས་མི་ཀྲུའུ་རེན་རྩོམ་སྒྲིག་པ་ཧ་ལི་ཏེ·པ་ཏེ་ལིས་འདི་ལོའི་ཚོགས་འདུ་གཉིས་ནི་ཀྲུང་གོའི་གལ་འགངས་ཆེ་ཤོས་ཀྱི་ཆབ་སྲིད་བྱ་བའི་གྲས་ཤིག་ཡིན་པ་དང་དེས་འབྱུང་འགྱུར་ལོ་ལྔའི་རྒྱལ་ཁབ་ཀྱི་འཆར་འགོད་གཏན་འཁེལ་བྱ་རྒྱུ་རེད། དབུས་ཤར་གསར་འགྱུར་ཁང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཚོགས་འདུ་གཉིས་ལ་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་བྱེད་པ་དང་ཨེ་ཅིབ་ཀྱི་སྨྱན་སྦྱོར་ཚན་པ་གཞན་དག་གིས་ལོ་ལྟར་དབུས་ཤར་གསར་འགྱུར་ཁང་གིས་སྤེལ་བའི་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་བརྒྱུད་འགོད་བྱེད་པའམ་ཡང་ན་དཔྱད་གཞིར་འཛིན་གྱི་ཡོད་ཅེས་བརྗོད་ཀྱི་འདུག
        ཤིས་ཚུན་ཏ་ཕུའུ་ནི་རི་པིན་གྱི་《ཉི་གཞོན་གསར་འགྱུར་》རྒྱལ་སྤྱིའི་གསར་འགྱུར་པུའི་པུའུ་ཀྲང་གཞོན་པ་ཡིན་པ་དང་2007ལོ་ནས་2012ལོའི་བར་ཧྲང་ཧའེ་དང་ཧྲན་དབྱང་དུ་བཅའ་སྡོད་ཚགས་པར་ཁང་ཡན་ལག་ཁང་གི་ཧྲེ་ཀྲང་གི་འགན་ཁུར་ནས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་འགོད་སྤེལ་ནང་ཐེངས་མང་ཞུགས་ཤིང་། ཁོང་གིས་ཀྲུང་གོར་བཅའ་སྡོད་བྱེད་རིང་ཀྲུང་གོ་སྟོབས་འབྱོར་ལྡན་པར་གྱུར་བའི་དུས་ཚོད་གལ་ཆེན་མང་པོ་ཞིག་གི་དཔང་པོ་བྱས་ཡོད་ཅེས་བརྗོད་ཀྱི་འདུག
         ཤིས་ཚུན་གྱིས་ཕྱི་རྒྱལ་གྱི་གསར་འགོད་པས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་འགོད་སྤེལ་བྱེད་སྐབས་ཀྲུང་གོའི་འགོ་ཁྲིད་མི་སྣ་དང་ཉེ་བར་བཅར་ནས་ཁོང་ཚོའི་ལངས་ཕྱོགས་གཙོ་བོ་ཤེས་རྟོགས་གང་ལེགས་ཐུབ་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག
          《མཉམ་འབྲེལ་ཞོགས་པའི་ཚགས་པར་》གྱི་གསར་འགོད་པ་ཡིའུ་རུན་ཐན་2015ལོའི་ལོ་མཇུག་ཏུ་པེ་ཅིང་དུ་མངགས་པ་དང་འདི་ལོ་ནི་ཁོང་ཚོགས་འདུ་གཉིས་ཀྱི་བཅར་འདྲིའི་ནང་ཞུགས་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་ཚོགས་འདུ་གཉིས་ནི་ཀྲུང་གོའི་ལོ་འཁོར་གྱི་ཆབ་སྲིད་ཀྱི་དོན་ཆེན་ཞིག་ཡིན་པས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་འགོད་སྤེལ་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་བརྗོད་ཀྱི་འདུག
           ཚོགས་འདུ་གཉིས་ཀྱི་རེ་སྒུག
           ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐོར་གླེང་སྐབས་ཁེ་ལི་ཝོ་ཧྲེ་ཡེ་ཕུའུ་ཡིས་ངའི་དོ་སྣང་བྱེད་ཡུལ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཞག་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་དང་བྱ་ཐབས་དང་། རུལ་སུངས་ལ་ངོ་རྒོལ་གྱི་གནད་དོན། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཇི་ལྟར་འགོ་ཚུགས་རྒྱུ་སོགས་གླེང་མང་བའི་བརྡ་ཆད་ལའང་དོ་ཁུར་བྱེད་འོས་པ་ཞིག་འདུག་ཅེས་བརྗོད་ཀྱི་འདུག
           ཁེ་ལི་ཝོ་ཧྲེ་ཡེ་ཕུའུ་ཡིས“གལ་ཏེ་ང་ལ་དྲི་བ་འདོན་པའི་གོ་སྐབས་རག་ཚེ་ངས་ཀྲུང་གོ་སྲིད་གཞུང་གིས་བྱ་ཐབས་གང་ཞིག་སྤྱད་ནས་ཕྱིར་གཏོང་ལ་བརྟེན་མི་དགོས་པ་བྱས་ཏེ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་དེ་ནང་མཁོར་འགྱུར་རྒྱུ་དང་། ཇི་ལྟར་བྱས་ཏེ་དངུལ་ལོར་འགྲེམ་ཐལ་ཤོར་བའི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དམ། ཇི་ལྟར་བྱས་ནས་རྒྱལ་དམངས་ཀྱི་ཡོང་འབབ་དངོས་བརྟན་པོའི་ངང་འཕར་བའི་འགན་ལེན་བྱེད་དམ་ཞེས་འདྲི་རྒྱུ་ཡིན”ཞེས་བརྗོད་ཀྱི་འདུག
          ཧ་ལི་ཏེ·པ་ཏེ་ལིས་དབུས་ཤར་གསར་འགྱུར་ཁང་གིས་འདི་ལོ་ཀྲུང་གོའི་འཕེལ་རྒྱས་འཛུགས་སྐྲུན་དང་། དཔལ་འབྱོར་ཕྱོགས་སྒྱུར། ཕྱི་ཕྱོགས་མ་འཇོག་བཅས་དང་དེ་བཞིན་ཨེ་ཅིབ་ལྟ་བུའི“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དབར་གྱི་ཐོན་ནུས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་དོན་ལ་དམིགས་སུ་བཀར་ནས་དོ་ཁུར་བྱེད་ཀྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས“དབུས་ཤར་གསར་འགྱུར་ཁང་གིས་འདི་ལོ་ཀྲུང་གོའི་ཚོགས་འདུ་གཉིས་ལ་མུ་མཐུད་ཚད་མཐོའི་དོ་ཁུར་བྱ་རྒྱུ་ཡིན། གནས་ཚུལ་འགོད་སྤེལ་བྱེད་པ་ཙམ་མ་ཟད། ད་དུང་གསར་འགྱུར་དབྱེ་ཞིབ་དང་གསར་འགྱུར་དཔྱད་གཏམ་རིགས་ཀྱི་རྩོམ་ཡིག་མང་པོ་སྤེལ་གཏོང་བྱས་ནས་ཨེ་ཅིབ་དང་ཨ་རབ་རྒྱལ་ཁབ་ཁག་གིས་ཚོགས་འདུ་གཉིས་ཀྱི་ནང་དོན་གཙོ་བོ་དང་འགག་རྩའི་སྲིད་ཇུས་ཕྱོགས་ཡོངས་ནས་གསལ་རྟོགས་ཡོང་བ་བྱེད་རྒྱུ་ཡིན”ཞེས་བརྗོད་ཀྱི་འདུག
         ཤིས་ཚུན་ཏ་ཕུའུ་ཡིས་ཚོགས་འདུ་གཉིས་རིང་《ཉི་གཞོན་གསར་འགྱུར་》ཁང་གིས་འབྲེལ་ཡོད་འཕྲིན་སྤེལ་བཀོད་སྒྲིག་གང་མང་ཐུབ་པ་བྱས་ནས་རི་པིན་གྱི་ཀློག་པ་པོ་ཚོས་ཀྲུང་གོ་སྲིད་གཞུང་གི་སྲིད་འཛིན་འདུ་ཤེས་ཤེས་རྟོགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག
            ཤིས་ཚུན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་དངོས་སུ་འདོན་རྒྱུ་དང་ཀྲུང་གོའི་དཔལ་འབྱོར་འཕར་སྟངས་དེ་མྱུར་ཚད་མཐོ་པོ་ནས་མྱུར་ཚད་འབྲིང་མཐོར་བསྒྱུར་ཡོད། 《ཉི་གཞོན་གསར་འགྱུར་》གྱིས་དེའི་ཐད་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དཔལ་འབྱོར་འཕར་འགོར་དུ་བཏང་བའི་རྒྱབ་ལྗོངས་འོག་ཀྲུང་གོ་སྲིད་གཞུང་གིས་ཡོང་འབབ་ལྡབ་འཕར་གྱི་འཆར་གཞི་དང་དབུལ་སྒྲོལ་འཆར་གཞི་སོགས་ཀྱི་སྲིད་ཇུས་དམིགས་ཚད་དག་ཇི་ལྟར་བྱས་ནས་ལེགས་སྒྲུབ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ཇི་ལྟར་བྱེད་པ། ཇི་ལྟར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་སོགས་ཀྱི་གནད་དོན་བཏོན་ཡོད། རི་པིན་དང་ཀྲུང་གོའི་དཔལ་འབྱོར་འབྲེལ་བ་དམ་ཟབ་ཡོད་པས་རི་པིན་གྱི་ཀློག་པ་པོ་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག
           ཡིའུ་རུན་ཐན་གྱིས་《མཉམ་འབྲེལ་ཞོགས་པའི་ཚགས་པར་》གྱིས་འདི་ལོ་གནས་ཚུལ་འགོད་སྤེལ་གྱི་གོ་ཆོད་རང་བཞིན་གཙོ་གནད་ཐོག་ཆེ་རུ་བཏང་ནས་ཀློག་པ་པོ་ཚོས་འཕྲལ་མ་ཉིད་དུ་ཚོགས་འདུ་གཉིས་ཀྱི་གསར་འགྱུར་གལ་ཆེན་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག
          འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པ།
          ཧ་ལི་ཏེ·པ་ཏེ་ལིས་ཨེ་ཅིབ་ཙམ་མ་ཟད། ཐ་ན་ཨ་རབ་ཀྱི་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ཚེ་ཀྲུང་གོ་ནི་ཧ་ཅང་གལ་འགངས་ཆེ་བའི་མཛའ་གྲོགས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་ཞིག་རེད། ཀྲུང་གོ་དང་འཛམ་གླིང་མཉམ་འབྲེལ་ཇེ་ཟབ་བྱུང་བ་དང་བསྟུན་ནས་ཀྲུང་གོའི་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་ཚད་དང་རྒྱལ་སྤྱིའི་ཐོག་དོན་སྙིང་ལྡན་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། དེ་ནི་ལོ་དེ་དག་ནང་ཀྲུང་གོར་ཐོབ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྒྱལ་སྤྱིའི་གནས་བབ་མཐོ་རུ་ཕྱིན་པས་རེད་ལ་དུས་ཡུན་རིང་པོའི་ནང་ཀྲུང་གོས་ལག་ལེན་བསྟར་བའི་ཕྱི་འབྲེལ་སྲིད་ཇུས་དང་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་བྱ་ཐབས་དག་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་པས་རེད། དེས་རྐྱེན་པས་དབུས་ཤར་ས་ཁུལ་དུ་ཀྲུང་གོ་དེ་ཉིད་དགའ་བསུ་ཐོབ་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ལ་དོ་ཁུར་བྱེད་ཚད་ཀྱང་དེ་བསྟུན་གྱིས་མཐོ་རུ་ཕྱིན་ཡོད་ཅེས་བརྗོད་ཀྱི་འདུག
          ཤིས་ཚུན་ཏ་ཕུའུ་ཡིས་ཚོགས་འདུ་གཉིས་ནི་ཀྲུང་གོའི་སྤྱི་ཚོགས་དང་ཀྲུང་གོའི་ཆབ་སྲིད་འབྱུང་འགྱུར་གྱི་ལོ་གཅིག་ཙམ་མ་ཟད། ཐ་ན་ལོ་ཤས་ཀྱི་འཕེལ་ཕྱོགས་གཏན་འཁེལ་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། འཛམ་གླིང་ཐོག་གི་ཀྲུང་གོའི་གནས་བབ་གལ་ཇེ་ཆེར་ཕྱིན་པས་དཔལ་འབྱོར་དང་། ཕྱི་འབྲེལ། བདེ་འཇགས་སྲིད་ཇུས་སོགས་ཀྱི་འཕེལ་ཕྱོགས་ལས་འཛམ་གླིང་ལ་ཤུགས་རྐྱེན་ལྡན་ཡོད། ཀྲུང་གོའི་གནས་བབ་ཇེ་མཐོར་ཕྱིན་པས་ཚོགས་འདུ་གཉིས་ཀྱི་ཐོག་ཡོངས་བསྒྲགས་བྱེད་པའི་ཆ་འཕྲིན་ལའང་དོ་ཁུར་དང་མཐོང་ཆེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད་ཀྱི་འདུག ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། ༽
      

    ཕྱོགས་བསྡུས་གསར་འགྱུར།