འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་དང་འབྲེལ་བའི་གྲོས་ཆོད་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་
    ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་2ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆ་དང་འཕུར་མདའ་སོགས་གསར་སྤེལ་བྱེད་པའི་འཆར་གཞི་འགོག་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་ཕྱོགས་དྲུག་ཀྱི་གྲོས་མོལ་སླར་གསོ་བྱ་རྒྱུའི་རེ་འབོད་ཀྱང་བྱས་པ་རེད།
         གྲོས་ཆོད་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་སྣང་མེད་དུ་བཏང་ནས་ཟླ་1ཚེས་6ཉིན་ཉིང་རྡུལ་མཚོན་ཆ་ཚོད་ལྟ་བྱས་པ་དང་འབྲེལ་ཟླ་2ཚེས་7ཉིན་མདེལ་ལམ་འཕུར་མདའི་ལག་རྩལ་སྤྱད་དེ་འཕེན་གཏོང་གི་བྱ་བ་སྤེལ་ཡོད་ཅེས་བརྗོད།
          ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆ་དང་འཕུར་མདའ་གསར་སྤེལ་འཆར་གཞི་བཀག་སྡོམ་བྱ་ཆེད་བྱེད་ཐབས་རབ་དང་རིམ་པ་འདོན་རྒྱུའི་ཐག་བཅད་པའི་ནང་རྒྱལ་ཁབ་ཁག་གིས་ཁྲའོ་ཞན་ལ་ཉིང་རྡུལ་མཚོན་ཆ་དང་འཕུར་མདའ་བཟོ་བའི་འཆར་གཞིར་སྤྱོད་བཟོ་ཡོད་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཚམས་འཇོག་པ་དང་། ཁྲའོ་ཞན་གྱི་མཚོན་ཆ་དབོར་འདྲེན་བྱ་རྒྱུ་འགོག་པའི་བྱེད་ཐབས་སྤྱོད་རྒྱུ་ནན་དུ་གཏོང་བ། ཉིང་རྡུལ་མཚོན་ཆ་དང་འཕུར་མདའ་གསར་སྤེལ་འཆར་གཞི་དང་འབྲེལ་བ་ཡོད་པའི་དངུལ་རྩ་དང་རྒྱུ་ནོར་བསྡམས་བཅད་སོགས་བྱེད་དགོས་པ་ཚུད་ཡོད། གྲོས་ཆོད་ནང་འབྲེལ་ཡོད་བྱེད་ཐབས་ཀྱིས་ཁྲའོ་ཞན་གྱི་མི་སེར་ལ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་གྱི་མཇུག་འབྲས་ངན་པ་བཟོ་མི་སྲིད་ལ་ཁྲའོ་ཞན་དུ་སྤེལ་བའི་རོགས་སྐྱོར་བྱེད་སྒོའི་ལས་དོན་ལའང་ཤུགས་རྐྱེན་ངན་པ་ཕོག་མི་སྲིད་ཅེས་ནན་བཤད་བྱས་ཡོད།
          གྲོས་ཆོད་ནང་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤེ་ཡ་ཤར་བྱང་ཧྲིལ་པོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་བསྐྱར་བསྒྲགས་བྱས་པ་མ་ཟད་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཞི་བདེ་དང་། ཕྱི་འབྲེལ། ཆབ་སྲིད་བཅས་ཀྱི་ཐོག་ནས་དུས་བབ་དེ་ཐག་གཅོད་བྱ་རྒྱུ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་དེ་མིན་རྒྱལ་ཁབ་ཀྱིས་སྐད་ཆ་ཤོད་རེས་བྱས་ཏེ་ཞི་བདེ་མངོན་འགྱུར་དང་དེ་བཞིན་ཁྲའོ་ཞན་གྱི་ཉིང་རྡུལ་མཚོན་ཆའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུར་སྟབས་བདེ་སྐྲུན་ཏེ་ཛ་དྲག་ཏུ་འགྲོ་བཟོ་ཡོད་པའི་བྱ་སྤྱོད་གང་རུང་མི་སྤྱོད་རྒྱུའི་ཁས་བླངས་ཡོད།
         གྲོས་ཆོད་ནང་ཕྱོགས་དྲུག་གི་གྲོས་མོལ་ལ་རྒྱབ་སྐྱོར་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པ་དང་འབྲེལ་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱ་རྒྱུའི་རེ་འབོད་བྱས་པ་མ་ཟད་ཕྱོགས་དྲུག་ལ་2005ལོའི་ཟླ་9ས་19ཉིན་ཐུན་མོང་གི་གསལ་བསྒྲགས་ནང་རྒྱས་བཤད་བྱས་པའི་ཁས་ལེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་སོགས་བསྐྱར་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།