འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཀོ་མིང་ཧྭ་ཡིས་དྲ་སྦྲེལ་སྨན་ཁང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་
    གཏོང་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དྲ་ཐོག་དང་དངོས་གཞི་གཉིས་ཟུང་དུ་འབྲེལ་བའི་རིག་ལྡན་བདེ་ཐང་སྨན་ཁང་ཞབས་ཞུའི་སྟེགས་བུ་གསར་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། དྲ་སྦྲེལ་སྨན་ཁང་འདི་ཉིད་ས་ཁུལ་མི་ཉུང་བ་ཞིག་ཏུ་སྔོན་ལ་ཚོད་ལྟ་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེ་ཅང་ཞིང་ཆེན་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཀོ་མིང་ཧྭ་ཡིས་གསར་དར་ཚན་པ་ཞིག་ཡིན་པས་སྨན་བཅོས་བདེ་འཇགས་དང་། ཆ་འཕྲིན་བདེ་འཇགས། སྲིད་ཇུས་འགན་ལེན་སོགས་ཀྱི་གནད་དོན་ལ་ངེས་པར་དུ་དོ་སྣང་བྱས་ཏེ་དྲ་སྦྲེལ་སྨན་ཁང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དྲ་སྦྲེལ་དུས་སྐབས་ཀྱི་མི་སེར་གྱི་ཚེ་སྲོག་དང་བདེ་ཐང་ལ་འགན་ལེན་གང་ལེགས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
           ཀོ་མིང་ཧྭ་ཡིས་དྲ་སྦྲེལ་སྨན་ཁང་འདི་ཉིད་དངོས་གཞིའི་སྨན་ཁང་དང་བསྡུར་ན་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་པ་ཡིན། འོན་ཀྱང“སྨན་བཅོས”ནི་གནས་བབ་གང་འདྲ་ཞིག་ཡིན་རུང་དུས་ནམ་ཡང་སྨན་ཁང་དོ་དམ་གྱི་ལྟེ་བ་ཡིན། དྲ་སྦྲེལ་སྨན་ཁང་འདི་ཉིད་སྔར་བཞིན་དངོས་གཞིའི་སྨན་ཁང་ལ་བརྟེན་དགོས་པ་དང་། སྨན་བཅོས་སྤུས་ཚད་དང་སྨན་བཅོས་བདེ་འཇགས་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ། གསོ་རིག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་བཅུད་རྒྱུན་འཛིན་བྱེད་དགོས། དེར་བརྟེན་སྒྱུར་བཅོས་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དངོས་གཞིའི་འདེགས་སྐྱོར་ཁོར་ཡུག་སླར་ཡང་གཏོད་དགོས་ཞེས་བཤད།
           “དྲ་སྦྲེལ་སྨན་ཁང་བཙུགས་རྗེས་སྣ་མང་ཕུན་སུམ་ཚོགས་པ་དང་དེ་བཞིན་མིག་སྔའི་གནས་བབ་དང་རྦད་དེ་མི་འདྲ་བའི་ས་ཁོངས་ལས་བརྒལ་བ་དང་། རྒྱལ་ཁོངས་ལས་བརྒལ་བ། ལས་རིགས་ལས་བརྒལ་བ་བཅས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འབོར་ཆེན་ཐོན་རྒྱུ་ངེས་ཅན་རེད་ལ་གཏོང་སྤྲོད་བྱེད་སྟངས་དང་། སྨན་རྫས། སྨན་བཅོས་རྒྱབ་སྐྱོར་བྱེད་སྟངས་བཅས་གསར་པ་ཁག་ཅིག་ཀྱང་ཐོན་ངེས་རེད། དེར་བརྟེན་སྟེང་གི་ཇུས་བཀོད་ནས་འགོ་བཙུགས་ཏེ་ད་ཡོད་ཀྱི་སྨན་བཅོས་སྒྲིག་གཞི་མུ་མཐུད་སྒྱུར་བཅོས་བྱེད་དགོས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྨན་ཁང་དང་སྨན་བཅོས་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྨན་བཅོས་འགན་བཅོལ་མ་ལག་དང་སྨན་རྫས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”
         དེ་དང་དུས་མཚུངས་ས་གནས་ཁག་གི་དྲ་སྦྲེལ་སྨན་ཁང་གི་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་དང་སྦྲགས། སྔོན་ཆད་ཀྱི་ས་ཁོངས་དབྱེ་མཚམས་དང་སྲིད་འཛིན་དོ་དམ་ལམ་ལུགས་ལས་བརྒལ་བའི་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་མི་ཉུང་བ་ཞིག་ཐོན་རྒྱུ་ཡིན་པ་དང་སྨན་བཅོས་ཁྲོམ་རར་དངོས་གཞིའི་སྨན་ཁང་དང་དྲ་སྦྲེལ་སྨན་ཁང་གི་འགྲན་རྩོད་སྔར་བས་ཆེ་རུ་འགྲོ་གི་ཡོད།
          ཀོ་མིང་ཧྭ་ཡིས་གནད་དོན་དེར་གྲོས་འགོ་བསྟན་དོན། སྨན་བཅོས་སྒྲིག་གཞིའི་རང་ངོས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བར་ཤེས་ལྡན་པ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་ཁང་གི་སྨན་བཅོས་དངོས་ཤུགས་ཆེ་རུ་དང་ལས་རིགས་ཀྱི་གནས་བབ་མཐོ་རུ་གཏོང་དགོས་པ་དང་། སྨན་བཅོས་དྲ་རྒྱ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་རིམ་དབྱེའི་སྨན་བཅོས་ནང་ཧུར་ཐག་ཞུགས་དགོས་པ། དྲ་སྦྲེལ་གྱི་ཁྱད་ཆོས་དང་བསྟུན་ནས་སྨན་བཅོས་བརྒྱུད་རིམ་སྒྱུར་བཀོད་མགྱོགས་པོ་བྱས་ཏེ་སྨན་ཁང་གི་ཕྱི་རོལ་དུ་ཁ་ཆད་སྨན་བཅོས་དང་། དྲ་རྒྱའི་ཐོག་ནས་སྨན་བཅོས་བྱེད་སྟངས། དེ་བཞིན་སྨན་ཁང་གི་ཕྱི་རོལ་དུ་དྲ་ཐོག་ནས་གཏོང་སྤྲོད་སོགས་ཀྱི་ཐབས་ལམ་ཡངས་སུ་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།