འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་དབྱིང་ཅེ་ཉིང་ཁྲིའི་འཐུས་མི་ཚོགས་པའི་གྲོས་ཞིབ་དང་སྲིད་གྲོས་ཆོས་ལུགས་ལས་
    རིགས་ཀྱི་གྲོས་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཉིང་ཁྲིའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་པ་དང་ཚེས་28ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཆོས་ལུགས་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།
         ཝུའུ་དབྱིང་ཅེ་ཉིང་ཁྲིའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་ཅིང་། འཐུས་མི་བཀྲ་ཤིས་དང་། ཀྲའོ་ཧྲེ་ཅུན། བཀྲ་ཤིས་དར་རྒྱས་སོགས་ཀྱིས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་རྩ་གནད་(འཆར་ཟིན)ལ་དམིགས་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་བ་དང་འབྲེལ་2015ལོ་དང་དེ་བཞིན“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་ཐོབ་པའི་འཕེལ་རྒྱས་གསར་པ་གླེང་གནང་བ་མ་ཟད། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་གཏོང་རྒྱུ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
         འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཝུའུ་དབྱིང་ཅེས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ནང་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་དང་དྲང་བཞག་གི་སྒོ་ནས་ཕྱོགས་སྡོམ་གནང་བ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཡང་བཀོད་ཁར། འདི་ལོ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཀོད་སྒྲིག་ཀྱང་གནང་ཡོད་པས་དེ་ནི་དམ་པ་དོན་གཉེར་དང་མི་སེམས་ལ་སྐུལ་མ་ཐེབས་པའི་སྙན་སྒྲོན་ཞིག་ཡིན་པས་ངས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་བདེ་སྡོད་ལས་བརྩོན་དང་། འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཡ་རབས་འཆམ་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་ཐད་ཉིང་ཁྲི་གྲོང་ཁྱེར་ལ་འཕྲད་པའི་ལས་འགན་ནི་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་པས། ངེས་པར་དུ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་འཛུགས་པ་དང་ལག་བསྟར་བྱས་ཏེ་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་། གཅིག་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་ང་ཚོ་རང་ཉིད་ཀྱི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་གཅིག་གྱུར་འདུ་ཤེས་བརྟན་པོ་བཙུགས་ནས་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་དང་། ཀྲུང་དབྱང་གི་སྲིད་ཇུས་ཡག་པོ་སྤྱོད་པ། རང་ངོས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། སྔོན་འཕེལ་གྱི་ལེགས་ཆ་མངོན་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་གཞན་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མངོན་པ་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ནན་པོ། སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་དེར་རྒྱལ་ཁ་ཐོབ་པ་བྱེད་དགོས་པ། གསུམ་ནས་ཡུན་རིང་བདེ་འཁོད་ལ་དམིགས་པ་དང་འགན་འཁྲི་ཨང་དང་པོ་དོན་འཁྱོལ་ཡག་པོ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་པ་དང་ཏན་ཏིག་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ། བཞི་ནས་རྩ་སྲ་རྨང་བརྟན་དང་སྟོབས་དང་ལྡན་པའི་གཞི་རིམ་རྩ་འཛུགས་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔར་བས་ནན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོ་དང་གྲོང་ལྷན་གྱི་ལས་བྱེད་པའི་ཐོབ་ཐང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ། གཞི་རིམ་ལས་བྱེད་པར་ཆབ་སྲིད་ཐད་གཟི་བརྗིད་མཚན་སྙན་ལྡན་པ་དང་། དཔལ་འབྱོར་ཐད་ཐོབ་ཐང་ཡོད་པ། འགན་འཁྲི་སྒྲུབ་པའི་ཐད་སྒུལ་ཤུགས་ལྡན་པ་བཅས་འགན་ལེན་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་ཆེད་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་བྱེད་དགོས་པ། ལྔ་ནས་མཐའ་མཚམས་སྲུང་བའི་འགན་ལྕི་དོན་འཁྱོལ་དང་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་བཏང་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དང་དམངས་བདེ་མཐའ་བརྟན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཝུའུ་དབྱིང་ཅེ་ཆོས་ལུགས་ལས་རིགས་ཀྱི་མཉམ་འབྲེལ་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས་ཆོས་ལུགས་ལས་རིགས་ཀྱི་གྲོས་བསྡུར་འཁྲུག་པོ་ཡོད་པ་དང་། སྔ་རྗེས་སུ་ཨུ་ཡོན་ཤེས་རབ་བཟང་པོ་དང་། ཚུལ་ཁྲིམས་ནོར་བུ། རྗེ་དྲུང་ཀརྨ་དཔལ་ལྡན་འགྱུར་མེད། འཇིགས་མེད་ཐེག་མཆོག་བསྟན་འཛིན། རྟ་ཐོག་བློ་བཟང་ཡེ་ཤེས། བློ་བཟང་མཁས་གྲུབ། ངག་དབང་ཆོས་འཛིན་སོགས་ཀྱིས་གཏམ་བཤད་གནང་བ་དང་ཚང་མས་ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་དགོན་སྡེའི་སྤྱི་པའི་ཞབས་ཞུ་དོ་དམ་ནུས་ལྡན་ངང་ལེགས་སུ་ཕྱིན་པ་དང་། དགོན་སྡེ་དང་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་མང་དག་ཅིག་སེལ་རོགས་བྱས་པས་རྒྱ་ཆེའི་གྲྭ་བཙུན་ཚོས་དྲིན་ཆེན་པོ་ཚོར་བ་དང་བསམ་པའི་ཉམས་འགྱུར་གསར་རྐྱང་ཞིག་མངོན་ཐོག་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ་དང་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྐྲུན་རྒྱུ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ངེས་ཡིན་ཞེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་པ་དང་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཐོ་འགོད་ཞིབ་ཚགས་དང་དེ་གར་ལན་བསྐྱོན་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚང་མས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྤྱི་འདོམས་ནུས་ལྡན་བཅས་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་པ་དང་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་། བླ་མ་སྐྱེས་ཆེན་དང་ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ཀྱི་ཐུན་མོང་གི་འབད་བརྩོན་འོག་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་དོ་དམ་ལས་ཀ་སྔར་བས་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་པ་དང་། ལྷག་པར་དུ་དགོན་སྡེ་དོ་དམ་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ་དང་སྤྱི་པའི་ཞབས་ཞུ་ཡོངས་ཁྱབ་བྱུང་ནས་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་སྔར་བས་ཐག་གཅོད་ཐུབ་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་དོན་མི་སེམས་ལ་དེ་བས་ཟུག་པ། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་སྤྲོ་སེམས་ཉིན་བཞིན་འཕེལ་བ། ཆོས་ལུགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བཅས་བྱུང་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད་ཅེས་བསྟན་གནང་བ་རེད།
         ཝུའུ་དབྱིང་ཅེས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚང་མ་ནི་ནང་བསྟན་གྱི་ཡོན་ཚད་ཆེ་བ་དང་དད་ལྡན་མང་ཚོགས་དང་གྲྭ་བཙུན་ཁྲོད་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་སྙན་གྲགས་ཡོད་པ་ཤ་སྟག་ཡིན་པས་རེ་བར་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྣེ་ཁྲིད་དེ་སློབ་སྦྱོང་ལག་བསྟར་བྱེད་པ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་བཏོན་གནང་བའི་ཧྲུའུ་ཅི་ཁྲེན་ཆོན་གོའི“དཔེ་བཟང་ལྔའི”བླང་བྱར་ཏན་ཏིག་གཞིགས་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བླ་མ་སྐྱེས་ཆེན་རྣམས་མིག་དཔེར་འཛིན་ཏེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་འདུན་པ་གཅིག་གྱུར། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས་པ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱེད་དགོས། ཚང་མས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ཏེ་གྲྭ་དམངས་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ནས་བཅའ་ཁྲིམས་ཀྱི་ལ་རྒྱར་རང་རྟོགས་ངང་སྲུང་སྐྱོང་དང་། སྲིད་གཞུང་གི་དོ་དམ་རང་རྟོགས་ངང་དང་ལེན། ཁྲིམས་ལྟར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས་པ་དང་། ཚང་མས་ཆོས་ལུགས་ཤེས་བྱ་དང་ཀུན་སྤྱོད་བློ་སྦྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས། མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་མཐའ་དག་དང་དེང་རབས་ཀྱི་ཚན་རིག་རིག་གནས་དང་ཤེས་བྱ་རང་འགུལ་ངང་སློབ་སྦྱོང་བྱས་ཏེ་མཐོང་རྒྱ་དང་བློ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་འདུལ་ཁྲིམས་དང་ཆོས་ཀྱི་སྙིང་པོར་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་རྒྱས་བཤད་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས་པ། ཚང་མས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་གོ་བ་ནན་ཏན་བླངས་ཏེ་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཆེད་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོར་སྒྲིག་བཀུར་ཁྲིམས་སྲུང་དང་། སྡིག་སྤོངས་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་བྱ་རྒྱུའི་ཁྲིད་སྟོན་དང་རྒྱ་ཆེའི་དད་ལྡན་རྣམས་ལ་དྲིན་ཤེས་པ་དང་། དྲིན་ཚོར་བ། དྲིན་དྲན་པ། དྲིན་འཇལ་བ་བཅས་ཀྱི་སློབ་གསོ་བཏང་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་གྱི་ལག་ལེན་ནང་རང་རྟོགས་ངང་ཞུགས་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།