འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་གཟབ་རྒྱས་
    ངང་ལྷ་ས་ནས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་27ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་མགོན་པོ་བཀྲ་ཤིས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་།
    འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་མགོན་པོ་བཀྲ་ཤིས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་།
         མི་དམངས་དྲ་བའི་འཕྲིན། རླབས་ཆེན་མཐུན་སྒྲིལ་གྱིས་རླབས་ཆེན་གྱི་སྟོབས་ཤུགས་གཅིག་ཏུ་འགྲིལ། རླབས་ཆེན་སྟོབས་ཤུགས་ཀྱིས་རླབས་ཆེན་གྱི་བྱ་གཞག་བཏོད། ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སླད་ཕྱིན་གྱི་ཉིན་བཞིའི་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབ་རྒྱུ་དང་འབྲེལ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད།
         ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། ལེགས་མཆོག པ་སངས། ཞུས་ཡུང་། ཏེའོ་གོ་ཤིན། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་གཡུང་ཅུན། ཙེང་དབན་མིན། ཅང་ཅེ་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མགོན་པོ་བཀྲ་ཤིས་དང་། ལི་སུའུ་ཀྲེ སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ཅིན་ཧྲེ་ཤུན། ཀའོ་དབྱང་། བསོད་ནམས་རིག་འཛིན། ངག་དབང་། མཚམས་ཆུང་། ང་ཕོད་འཇིགས་ཡོན་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
         རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པར་ཨུ་ཡོན་571ཕེབས་དགོས་པ་དང་དངོས་སུ་ཕེབས་མཁན་454ཡོད་པས་སྲིད་གྲོས་ཀྱི་《སྒྲིག་ཡིག་》གི་གཏན་འབེབས་དང་མཐུན་ཡོད།
         སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ད་ཐེངས་ཀྱི་ཚོགས་འདུའི་མཛུབ་ཁྲིད་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་རང་ལྗོངས་ཀྱི་སྲིད་གྲོས་ལ་བཏོན་པའི“སྟེགས་བུ་གཅིག་དང་། ཐུན་མོང་གཉིས། དེ་བས་ལེགས་པ་གསུམ”བཅས་ཀྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ལག་བསྟར། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུའི་དམིགས་ཚད་དང་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མངོན་འགྱུར་བྱ་རྒྱུར་འགོ་ཡག་པོ་འཛུགས་རྒྱུར་དམིགས་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་འཁྲི་སྒྲུབ་རྒྱུའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ། ཐོག་མཐའ་བར་གསུམ་དུ་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ། སྲིད་གྲོས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དང་རྩ་དོན་སྟངས་འཛིན་ནན་པོ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་པ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
         ད་ཐེངས་ཚོགས་འདུའི་ལས་འགན་གཙོ་བོ་ནི། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ་དང་། སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་བྱ་རྒྱུ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་མིན་འབྲེལ་ཡོད་སྙན་སྒྲོན་གསན་རྒྱུ་དང་གྲོས་བསྡུར་གནང་རྒྱུ། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་དང་དེ་མིན་གྲོས་ཆོད་ལ་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ་སོགས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ། དེ་མིན་བྱ་བ་བཅས་ཡིན།
         འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ད་ཐེངས་ཀྱི་ཚོགས་འདུ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་འདིར་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན། ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྙིང་སྟོབས་རབ་འཕེལ་དང་། གོང་བུ་གཅིག་འགྲིལ། གང་བསམ་ལྷུག་གླེང་། རང་གི་ལྟ་སྟངས་ཤོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྐད་ཆ་དྲང་པོ་ཤོད་པ་དང་། མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ། འོས་འགན་ཆུད་ཟོས་སུ་མི་གཏོང་བ། བློ་བསྡུས་དགེ་འཚོལ། ལས་འགན་འཁུར་ཕོད་པ་དང་སྒྲུབ་ཐུབ་པ་བཅས་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུ་འདི་མཐུན་སྒྲིལ་དམངས་གཙོ་དང་། ཚན་རིག་དངོས་གཉེར། གསར་འབྱེད་གསར་གཏོད། གོང་བུ་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་སྐབས་བཅུ་པའི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་《སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་》གནང་བ་རེད། སྙན་སྒྲོན་ནང་2015ལོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཚགས་ཚུད་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག་ལྗོངས་སྲིད་གྲོས་ཏང་ཙུའུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཁྲིམས་ལྟར་དང་《སྒྲིག་ཡིག་》ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་སྲིད་གྲོས་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་སྒྲིག་འཛུགས་དང་སྐུལ་སློང་། ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་འགན་ནུས་བསྒྲུབས་པ་དང་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་ཡོད།
         སྙན་སྒྲོན་ནང་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ་ནས་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བའི་གཙོ་རྐང་དུ་བརྩི་རྒྱུ་དང་། ལས་འགན་ཨང་དང་པོ་བློ་ལ་བརྟན་པོར་ངེས་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། དམངས་ཆེད་དམིགས་ཡུལ་ལག་ལེན་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ། སྤྱི་འདོམས་ལྟ་རྟོག་བྱས་ནས་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་སྒྲུབ་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཕྱོགས་བདུན་ཐད་ནས་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཕྱོགས་སྡོམ་བྱས་པ་དང་འབྲེལ་བསམ་བློ་སྟངས་འཛིན་དང་ཆབ་སྲིད་འཛུགས་སྐྱོང་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་གཙོ་གནད་མངོན་གསལ། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། མཐུན་པ་འགྲིག་ཐབས་དང་མི་མཐུན་པ་སོར་འཇོག་དང་། ཁོག་ཡངས་མཉམ་སྒྲུབ་ཐོག་ནས་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་སོགས་ཕྱོགས་ལྔའི་ཐད་ནས་2016ལོའི་སྲིད་གྲོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
         སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ཀྱིས་སྐབས་བཅུ་པའི་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་《སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་》གནང་བ་རེད། སྙན་ཞུའི་ནང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་དམིགས་ནས་གྲོས་གཞི་སྤྱོད་པ་དང་འགན་ནུས་ཏན་ཏིག་སྒྲུབ་སྟེ་རྒྱ་ཆེའི་ཨུ་ཡོན་ཚོས་གྲོས་གཞི་495ཕུལ་བ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་495ཐོ་འགོད་བྱས་ཡོད། ན་ནིང་ཟླ་བ་བཅུ་པའི་ཟླ་མཇུག་བར་གྲོས་གཞི་ཚང་མ་བསྒྲུབས་ཟིན་པ་དང་ལན་བཏབ་ཟིན་པའི་ནང་བཏོན་པའི་གནད་དོན་ཐག་གཅོད་བྱས་ཟིན་པའམ་ཡང་ན་བསམ་འཆར་དང་གྲོས་གཞི་241བསྡུས་པ་དང་། གྲོས་གཞི་136འཆར་གཞིའི་ནང་བཅུག་ནས་རིམ་བཞིན་ཐག་གཅོད་བྱས་པ་དང་ཆ་རྐྱེན་གྱི་ཚོད་འཛིན་འཁེལ་བའི་རྐྱེན་གྱིས་གནས་སྐབས་ཐག་གཅོད་བྱེད་དཀའ་བའི་གྲོས་གཞི་118ཡོད་པ་བཅས་ཀྱིས་ཁག་སོ་སོར་48.7%དང་། 27.5% 23.8%བཟུང་ཡོད་ཅེས་བསྟན་ཡོད།
         ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་སྐར་མ་དང་། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། མོང་ཏེ་ལི། བདེ་སྐྱིད། སྐལ་བཟང་ཚེ་རིང་། ཏུང་མིང་ཅུན། སྤེན་པ་བཀྲ་ཤིས། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ཧོ་ཝུན་ཧའོ། འཆི་མེད་རིག་འཛིན། ཧྥང་ལིན་མིན། བསོད་དར། ཀྲང་ཧྥེ་ཀྲུང་། སུང་པའོ་ཧྲན། ཀའོ་དབན་ཧའེ། ཧྥུའུ་ཕུང་། ལིའུ་ཧན་ལིན་སོགས་ཡོད་པ་རེད།
         གདན་ཞུས་ལྟར་ད་ཐེངས་ཀྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་གྲས་སུ་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ཐིང་རིམ་པའི་ལས་བྱེད་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ལྗོངས་ནང་བསྟན་མཐུན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན། ས་གནས་(གྲོང་ཁྱེར)ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྫོང་(ཆུས)ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཡོད་པ་རེད།
         ད་ཐེངས་ཀྱི་ཚོགས་འདུར་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཧ་ལི·ཕུའུ་ལ་ས་ཏེ·པ་ཤའོ་སོགས་ཚོགས་འདུ་ཟུར་ཉན་ལ་གདན་ཞུ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།