འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་དཔལ་འབྱོར་
    ལས་རིགས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན་ཚོར་གཟིགས་པ་དང་འབྲེལ་དཔལ་འབྱོར་ལས་རིགས་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།
         དཔལ་འབྱོར་ལས་རིགས་ཚོགས་ཆུང་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཨུ་ཡོན་བསོད་ནམས་རྡོ་རྗེ་དང་། རན་ཧྲེ་ཕིང་། ཁྲེན་ཁྲའོ། མགོན་པོ་བཀྲ་ཤིས། ཀུའོ་ཀྲེན་ཧའེ། ཀེ་ཅེ་རོང་། ལི་ཡིང་ཁྲུན་སོགས་ཀྱིས་འགྲིམ་འགྲུལ་འཇུར་མིག་ཚོད་འཛིན་མེད་པ་བཟོ་བ་དང་། དངུལ་རྩའི་ཡར་སྐུལ་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྲིག་ལམ་ལམ་སྲོལ་སྒྱུར་བཅོས་བྱ་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེའི་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་ཏན་ཏིག་བྱེད་པ་སོགས་ལ་དམིགས་ནས་གང་བསམ་ལྷུག་གླེང་དང་ཐབས་དང་ཇུས་བཏོན་ཡོད། བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཡག་པོ་བསྐྱོན་ནས་གཏམ་ལྕེབས་ཡང་ཡང་གནང་སྟེ་ཚང་མ་དང་མཉམ་དུ་གྲོས་བསྡུར་དང་སྤེལ་རེས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཨུ་ཡོན་ཚོས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་དང་། དགེ་མཚན་ལྡན་པའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་སྟབས་ཉན་སྐབས་བློ་སྒོ་ཟབ་མོ་ཕྱེ་བྱུང་བས་ང་ཚོས་བསྡུ་ལེན་ནན་ཏན་བྱས་ནས་ལས་དོན་དངོས་ཁྲོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ཁག་བརྒྱུད་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་རྣམས་ལ་བླ་ན་མེད་པའི་གུས་དུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱིའི་ལས་ཀའི་བཀོད་སྒྲིག་དང་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དངོས་ཡོད་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་མང་ཙམ་བཏོན་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སེམས་ནུས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྤྱིའི་བཀོད་སྒྲིག་གཞིར་བཟུང་ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། དགོས་གཏུག་གི་སེམས་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ། སྙིང་སྟོབས་ཆེར་བསྐྱེད་དང་ཡིད་ཆེས་བརྟན་པོ། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་དགོས། རང་ལྗོངས་ཀྱིས་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱེད་པ་དང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས་ཞི་མཐུན་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་ཞིག་བརྩམས་ཏེ་བོད་ལྗོངས་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས། དངོས་སྒྲུབ་བོད་དར་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱེད་པ་དང་། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་བ། བྱས་རྗེས་གཏོད་ཕོད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྤྱོད་ཚུལ་དང་ངར་ཤུགས་འཕེལ་རྒྱུར་དམ་འཛིན་མཐར་ཕྱིན་དང་ཕན་འབྲས་ཐོན་པ་བཅས་བྱས་ནས་འགོ་ཚུགས་ལོར་གོམ་པ་བརྟན་པོ་ཞིག་སྤོ་རྒྱུ་འགན་ལེན་བྱེད་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་གཏོང་མི་རུང་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།