འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གྲྭ་བཙུན་ཚོར་དགོན་སྡེའི་འཕྲོད་བསྟེན་ཁང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། དགུན་དུས་དྲོ་འཇམ་ཉི་འོད་ལྷ་སའི་གང་སར་འཕྲོས་ཤིང་། ནེའུ་ཕྱུང་རི་ཁྲོད་བཙུན་དགོན་འཕྲོད་བསྟེན་ཁང་གི་ཕྱིར་བཙུན་མ་ཁག་གཅིག་གིས་རྒྱུན་གཏན་གྱི་སྨན་རྫས་ལེན་ཆེད་བང་བསྒྲིགས་ནས་སྒུག་བསྡད། ཉི་འོད་ཕྲ་མོ་ཞིག་སྒེའུ་ཁུང་གསེང་ནས་སྨན་སྤྲོད་མཁན་བཙུན་མའི་སྨན་པ་ཆོས་སྐྱིད་ལུས་ཐོག་ཏུ་འཕྲོས།
         ལྷ་ས་གྲོང་ཁྱེར་གྱི་བྱང་འདབས་དང་རྒྱ་མཚོའི་ངོས་ལས་ས་བབ་སྨི་4700ཡོད་པའི་རྔ་ཆེན་ལར་ཆགས་པའི་ནེའུ་ཕྱུང་རི་ཁྲོད། བཙུན་དགོན་དེ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བཙུན་དགོན་ཁོངས་སུ་གཏོགས་ཀྱི་ཡོད། དེ་སྔ་དགོན་སྡེའི་ནང་སྨན་པ་དང་འཕྲོད་བསྟེན་ཁང་མེད་སྟབས་རྔ་ཆེན་ཤང་འཕྲོད་བསྟེན་ཁང་གིས་ཟླ་བ་གནངས་འཆར་ལ་སྨན་པ་བཏང་ནས་བཙུན་མ་ཚོར་སྨན་བཅོས་བྱེད་ཀྱི་ཡོད་པ་རེད།
         གལ་སྲིད་གློ་བུར་དུ་ནད་གཞི་ཕོག་ཚེ་བཙུན་མའི་བདེ་ཐང་འགན་སྲུང་བྱེད་དཀའ། དེར་བརྟེན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་ཅུས་ཀྱིས་འདི་ལོར་དགོན་སྡེའི་ཁྲོད་གསོ་རིག་སྦྱངས་མྱོང་བའི་བཙུན་མ་ཆོས་སྐྱིད་གནས་གཏན་འཁེལ་གྱིས་གསོ་སྦྱོང་བྱས་ཤིང་། ཉེ་དུས་སྦྱངས་པ་གོ་ཆོད་པའི་ཆོས་སྐྱིད་དགོན་སྡེར་ལོག་པ་དང་སྡེ་ཚན་ཁག་གི་རོགས་རམ་འོག་ནེའུ་ཕྱུང་རི་ཁྲོད་བཙུན་དགོན་གྱི་འཕྲོད་བསྟེན་ཁང་བཙུགས་ནས་དགོན་སྡེའི་བཙུན་མ་སྨན་པ་ཞིག་ཏུ་གྱུར་པ་རེད།
         མིག་སྔར་བོད་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1700ལྷག་ཙམ་དང་དགོན་སྡེའི་གྲྭ་བཙུན་ཁྲི་4.6ལྷག་ཙམ་ཡོད། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་དགོན་སྡེའི་གྲྭ་བཙུན་ཁག་གཅིག་གི་འཚོ་བ་སྔར་བཞིན་དཀའ་ངལ་ཆེན་པོ་ཡོད་པ་རེད།
         2011ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ཀྱི་ཁ་གསབ་སྤྲོད་པའི་རྣམ་པའི་ཐོག་ནས་དགོན་སྡེ་ཚང་མར་ཆུ་དང་། གློག ལམ། ཚགས་པར། དཔེ་དེབ་ཁང་། རླུང་འཕྲིན། བརྙན་འཕྲིན། གློག་བརྙན་སོགས་ཡོད་པ་བྱེད་དགོས་པ་དང་། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་རིག་གནས་སྒྲིག་ཆས་ཕྱོགས་ཡོངས་ནས་ལེགས་སུ་བཏང་བའི་རྨང་གཞིའི་ཐོག་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དགོན་སྡེའི་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས་ཞེས་བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ད་ཕན་ལོ་ཤས་ནང་ལག་ལེན་བསྟར་བའི་ཟུར་སྣོན་བྱེད་ཐབས་ཁག་ལྔ་སྟེ། དགོན་སྡེའི་ནང་གཟུགས་པོ་འཁྲུ་ཁང་དང་། ཟ་ཁང་། གད་སྙིགས་གསོག་ས། དྲོད་ཁང་བཅས་ཡོད་དགོས་པའི་ཁར་འཕྲོད་བསྟེན་པ་གཅིག་གསོ་སྦྱོང་བྱེད་དགོས་པ་བཅས་རེད།
         འཕྲོད་བསྟེན་ཁང་དང་བཙུན་མ་སྨན་པས་དགོན་སྡེའི་གྲྭ་བཙུན་ཚོའི་སྨན་བཅོས་དཀའ་བ་དང་སྨན་པ་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་མ་ཟད། ད་དུང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གནས་མཇལ་ལ་ཡོང་མཁན་མང་ཚོགས་ཚོར་རོགས་རམ་བྱེད་ཐུབ་ཀྱི་ཡོད་ཅེས་བཤད། ཁོང་གིས་ད་དུང་གནས་མཇལ་ལ་ཡོང་མཁན་མང་ཚོགས་ལ་དགོས་མཁོ་ཡོད་ཚེ་ང་ཚོས་ཁོང་ཚོར་སྨན་བཅོས་བྱེད་པ་དང་སྦྲགས་སྨན་ཡང་སྤྲོད་ཀྱི་ཡོད་ཅེས་ཆོས་སྐྱིད་ཀྱིས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་1300ལྷག་ཙམ་ཁ་གསབ་བྱས་ནས་རྒྱ་ཆེའི་གྲྭ་བཙུན་སྤྱི་ཚོགས་འགན་སྲུང་མ་ལག་ནང་རིམ་གྱིས་བཅུག་ཡོད། བོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལོ་18ལ་སླེབས་པའི་གྲྭ་བཙུན་ཚང་མ་དགོན་སྡེ་གནས་ཁུལ་དུ་གྲོང་རྡལ་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་དང་གྲོང་རྡལ་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།