འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྐྱིད་གྲོང་རྫོང་དུ་ལོ་གསར་གྱི་རྣམ་པ་ཟབ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གནས་གྲོང་ཚོ་ནི་བོད་ལྗོངས་སྐྱིད་གྲོང་རྫོང་གི་མཐའ་མཚམས་ཀྱི་གནའ་བོའི་གྲོང་ཚོ་ཞིག་ཡིན། 2015ལོའི་ཟླ་བཞི་པར་བརྒྱབ་པའི་ས་ཡོམ་ནང་གྲོང་ཚོ་དེར་གནོད་འཚེ་ཆེན་པོ་ཕོག་ཡོད། ལོ་གསར་འཆར་ཉེའི་སྐབས་སུ་གསར་འགོད་པ་གནས་གྲོང་ཚོར་སླར་ཡང་བཅར་འདྲི་བྱེད་པར་བསྐྱོད་སྐབས། དགུན་གྲོ་སྔོ་ཐིང་ཐིང་དུ་སྐྱེས་ཤིང་། ར་ལུག་དག་བག་ཕེབས་ངང་རྩྭ་ཟ་བཞིན་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་འཕྱུར་བཞིན་འདུག
         གནས་གྲོང་ཚོར་གནས་ཤར་དང་གནས་ནུབ་ཀྱི་རང་བྱུང་གྲོང་ཚོ་གཉིས་ཡོད་ཅིང་། གྲོང་ཚོ་དེ་ཡོངས་སུ་མི་འབོར་415ཡོད་པ་དང་། ནེ་པ་ལའི“4·25”ས་ཡོམ་གྱི་ཤུགས་རྐྱེན་ནང་མི་བཞི་ཤི་བ་དང་90%ཡན་གྱི་སྡོད་ཁང་ལོག་ཡོད།
         ཉི་མ་མཚམས་གཅོད་ཀྱི་སྡོད་ཁང་ས་ཡོམ་ནང་ལོག་ཀྱང་། ནང་མིར་སྐྱོན་དེ་ཙམ་བྱུང་མེད། ཁོང་གིས“ས་ཡོམ་བརྒྱབ་རྗེས། སྲིད་གཞུང་གིས་གུར་དང་། འབྲས། རྩམ་པ། ཞོག་ཁོག གྱོན་ཆས། ཚ་དམ། ཉལ་ཆས་བཅས་སྤྲད་བྱུང་། ད་ཆ་ལྟོ་གོས་ལ་སེམས་ཁྲལ་མི་འདུག དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལས་བྱུང་བ་ཞིག་ཡིན”ཞེས་བཤད་བྱུང་། གསར་འགོད་པ་ཁོ་མོའི་གུར་ནང་འཛུལ་སྐབས། དཀྱིལ་དུ་བསྒྲིགས་པའི་ལྕོག་ཙེའི་ཐོག་ཕྱེ་མར་འབོ་བཞག་འདུག་ལ། འཁྲིས་སུ་བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་བསྒྲིགས་ནས་འདུག ཞོགས་གཅིག་ཏུ་ནས་དང་བྲ་བོ་སོགས་འབྲུ་རིགས་རྩིག་འདུག་ལ། ནང་མི་རྣམས་ལྕགས་ཐབ་ཀྱི་འཁྲིས་སུ་སྒོར་སྒོར་བྱས་ནས་མེ་བསྲོ་བཞིན་འདུག
         ཉི་མ་མཚམས་གཅོད་ཀྱིས“ས་ཡོམ་བརྒྱབ་རྗེས། གྲོང་མི་ཕན་ཚུན་རོགས་རམ་བྱས་ཏེ་ས་ཞིང་འདེབས་རོགས་བྱེད་པ་དང། བསྡུ་འབབ་ན་ནིང་དང་བསྡུར་ན་ཞན་ཙམ་ཡོད་ཀྱང་། བཟའ་འབྲུ་མི་འདང་བའི་སེམས་ཁྲལ་མི་འདུག ད་ཆ་དགུན་གྲོ་བཏབ་ཟིན་པས། ཕྱི་ལོ་ལོ་ལེགས་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།
         གྲོང་མི་པ་སངས་རྡོ་རྗེའི་བུ་མོ་ས་ཡོམ་ནང་གྲོངས་ཤིང་། བུ་མོ་གྲོངས་ནས་ལོ་ཕྱེད་ལྷག་ཙམ་ཕྱིན་ཡང་། ས་ཡོམ་སྐོར་ཤོད་སྐབས། པ་སངས་རྡོ་རྗེས་གནོང་འགྱོད་དང་བཅས“དེ་སྔ་ང་ཚོའི་ཁང་པ་ནི་ས་ཕག་གི་ཁང་པ་ཡིན་ཙང་། ས་ཡོམ་འགོག་མི་ཐུབ། ཁང་པ་བརྟན་པོ་ཞིག་ཡོད་ན། ངའི་བུ་མོ་གྲོངས་མ་སྲིད། རྫོང་གིས་གནས་གྲོང་ཚོར་ས་ཡོམ་འགོག་ཐུབ་པའི་སྡོད་ཁང་འདི་ལོའི་ཟླ་གསུམ་པར་ལས་འགོ་ཚུགས་རྒྱུ་ཡིན་པ་གོ་ཐོས་བྱུང་བས། ང་ཚོས་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད”ཅེས་བཤད་བྱུང་།
         ལོ་ཕྱེད་གོང་དང་མི་འདྲ་བར་གནས་གྲོང་ཚོའི་གུར་ཚང་མའི་ཐོག་ལྕགས་ཤོག་གིས་བཏུམས་ནས་འདུག གནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་བསྟན་གྱིས་དགུན་དུས་གངས་བབས་མང་བས་གུར་མ་རྡིབ་པ་བྱ་ཆེད། གྲོང་ཚོས་ན་ནིང་ཟླ་བཅུ་གཅིག་པར་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གུར་གྱི་ཐོག་ལྕགས་ཤོག་གཡོགས་པ་རེད་ཅེས་བཤད་བྱུང་།
         ཉི་མ་མཚམས་གཅོད་ཀྱི་བུ་མོ་ཟླ་བ་ཆོས་སྒྲོན་དེ་སྔོན་ལྷ་སར་ལས་མི་བྱས་ཏེ་སྡོད་ཀྱི་ཡོད་ཀྱང་། ས་ཡོམ་གྱི་གནས་ཚུལ་ཐོན་རྗེས། ཕ་ཡུལ་དུ་ལོག་ནས་རང་ཁྱིམ་དང་ཐག་ཉེ་སའི་ཟ་ཁང་ཞིག་ནང་ཞབས་ཞུ་མ་བྱས་ནས་ཟླ་རེར་གླ་ཆ་སྒོར་2000ལྷག་ཙམ་ལེན་རྒྱུ་ཡོད། སློབ་གྲྭར་འགྲོ་མྱོང་མེད་པའི་ཁོ་མོས་ལས་ཀའི་བར་གསེང་དུ་རྒྱ་སྐད་སྦྱོང་གི་ཡོད་ལ། རང་ཉིད་ཀྱི་སྐད་འཕྲིན་མིང་ལའང“ངའི་ཕུགས་བསམ་སྒྲུབ་སྲིད”ཅེས་རྒྱ་ཡིག་བྲིས་འདུག
         ཁོང་གིས“ངའི་ལོ་གསར་གྱི་བསམ་འདུན་ནི་སྡོད་ཁང་གསར་པའི་ནང་སྔ་ཙམ་སྤོ་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ནི་ང་ཚོའི་གྲོང་ཚོའི་མི་རྣམས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ཉིན་དེ་མགྱོགས་པོ་ཤར་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།