འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་གྱི་སྤྱིའི་འཆར་འགོད་ལ་ཆོག་མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། 《མཚོ་སྔོན་པོའི་མཛེས་ལྗོངས་གྲགས་ཅན་གྱི་སྤྱིའི་འཆར་འགོད་(2015—2025ལོའི་བར་)》ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་དངོས་སུ་ཆོག་མཆན་སྤྲད་པ་བརྒྱུད་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་7577.84དང་། ལྟེ་བའི་མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4635.61ལྟར་མཚམས་དབྱེ་བྱས་པ་རེད།
         《སྤྱིའི་འཆར་འགོད་》ནང“མཛེས་ལྗོངས་གྲགས་ཅན་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་དང་མཛེས་ལྗོངས་གྲགས་ཅན་གྱི་ཐོན་ཁུངས་ཀྱི་བྱེད་པོའི་རིན་ཐང་མངོན་ཚུལ་ལ་ཕན་པར་བྱེད་རྒྱུ”ལྟར་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོང་དང་། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་མྱོང་རོལ་བྱེད་པ། དཔེ་མཚོན་མཛེས་ལྗོངས། སྤྲོ་གསེང་སྒྲིག་བཀོད། ཁོར་ཡུག་སྲུང་སྐྱོང་འཆར་འགོད། དུས་བགོས་འཕེལ་རྒྱས་སོགས་ཀྱི་ཐད་གཙོ་གནད་ཐོག་འཆར་འགོད་བྱས་ཤིང་། ཉེ་དུས་(2015—2020ལོའི་བར་)དང་རིང་དུས་(2020—2025ལོའི་བར་)གྱི་འཆར་འགོད་འཕེལ་རྒྱས་དམིགས་ཚད་གཉིས་བཏོན་པ་རེད།
         སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་འཆར་འགོད་ལ་ཆོག་མཆན་ཐོབ་པའི་ཉིན་ནས་ལོ་གཅིག་ནང་མཛེས་ལྗོངས་གྲགས་ཅན་དང་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་ཁྱབ་ཁོངས་དབྱེ་ནས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་གྱི་མཚན་རྟགས་བཙུགས་ཏེ་འཐུས་ཚང་དུ་གཏོང་དགོས་པ་དང་། དམིགས་སུ་བཀར་ནས་སྔོན་ལ་སྲུང་སྐྱོང་བྱེད་རྒྱུ་དང་། གསར་སྤེལ་དེ་སྲུང་སྐྱོང་ལ་བསྟུན་དགོས་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག་མཛེས་ལྗོངས་གྲགས་ཅན་ནང་གི་རང་བྱུང་ཆུ་དང་དུས་བྱའི་མཛེས་ལྗོངས་སོགས་ཐོན་ཁུངས་གཙོ་བོར་སྲུང་སྐྱོང་ནན་པོ་བྱེད་པ་དང་ཆབས་ཅིག་རི་བརྐོ་རྡོ་སྔོག་དང་། ནགས་ཤིང་ཅི་དགར་གཅོད་པ། ཆུ་སྦགས་བཙོག་བཟོ་བ། རིག་དངོས་གནའ་ཤུལ་ལ་གཏོར་བརླག་གཏོང་བ་སོགས་ཀྱི་བྱེད་སྤྱོད་ནན་འགོག་བྱེད་དགོས། མཛེས་ལྗོངས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་བཟོ་སྐྲུན་སྒྲིག་བཀོད་དག་དུས་བཀག་ལྟར་སྒྱུར་བཀོད་དང་གནས་སྤོའམ་ཡང་ན་བཤིག་ནས་རང་བྱུང་ཁོར་ཡུག་དང་མཛེས་ལྗོངས་ཀྱི་རྣམ་པ་བསྐྱར་གསོ་བྱེད་དགོས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་གྲངས་འབོར་དང་། སྤྱོད་སའི་གཞི་ཁྱོན། བཟོ་བཀོད་གཞི་ཁྱོན་བཅས་ཚོད་འཛིན་ངང་འཆར་འགོད་ཡག་པོ་བྱས་ནས་བཟོ་བཀོད་ཀྱི་ཁྱད་ཆོས་དང་མཛེས་ལྗོངས་ཀྱི་ཁོར་ཡུག་གཉིས་ཕན་ཚུན་མཐུན་འགྲིག་ཡོང་བར་བྱེད་དགོས། གྲོང་ཚོ་དང་གྲོང་རྡལ་འཆར་འགོད་དང་མཛེས་ལྗོངས་གྲགས་ཅན་འཆར་འགོད་གཉིས་ཕན་ཚུན་མཐུན་འགྲིག་འབྲེལ་མཐུད་ཡོང་བར་བྱས་ཐོག་གཞིས་སྡོད་གཞི་ཁྱོན་ཚོད་འཛིན་དང་ཞིང་འབྲོག་པའི་ཐོན་སྐྱེད་འཚོ་བ་དང་མཛེས་ལྗོངས་ཁུལ་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དབར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ་དང་ཆབས་ཅིག་ཁོར་ཡུག་གི་གཙང་སྦྲ་དང་། བཙོག་ཆུ་བཅོས་སྒྲིག གནོད་འཚེ་སྔོན་འགོག་ཉུང་གཏོང་སོགས་སྲུང་སྐྱོང་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།