འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆབ་མདོའི་གནའ་བོའི་ཚྭ་ཞིང་གི་རིག་དངོས་སྲུང་སྐྱོང་ཁུལ་ལ་གཞི་ཁྱོན་ཆེན་པོས་
    ཉམས་གསོ་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་གསལ། མ་དངུལ་སྒོར་ཁྲི་3000བཏང་བའི་བོད་ཀྱི་གནའ་བོའི་ཚྭ་ཞིང་གི་རིག་དངོས་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལས་གྲྭ་མིག་སྔར་སྤེལ་འགོ་ཚུགས་པ་དེའི་ཐོག་ནས་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་ཇ་རྟའི་ཚོང་ལམ་གྱི་ས་རིས་མཚོན་རྟགས་གཙོ་བོ་སྟེ་བོད་ཀྱི་གནའ་བོའི་ཚྭ་ཞིང་ལ་སྔར་བས་ཚན་རིག་དང་མཐུན་པའི་རྒྱུན་འཛིན་དང་སྲུང་སྐྱོང་ཐོབ་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད།
         བོད་ལྗོངས་ཆབ་མདོ་སྨར་ཁམས་རྒྱུད་ཀྱི་རྫ་ཆུའི་དུམ་བུར་ཚྭ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཐང་རྒྱལ་རབས་ནས་བཟུང་མི་རྣམས་ཀྱིས་ངོགས་གཉིས་ཀྱི་ཚྭ་ཞིང་ཐོག་ཚྭ་སྐམ་པའི་ཞེས་ལོ་རྒྱུས་འཁོད་ཡོད་པ་དང་། ཇ་རྟའི་ཚོང་ལམ་དར་རྗེས་མཐའ་འཁོར་གྱི་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་རྒྱུད་ཀྱི་མི་ཕྱུགས་ཀུན་གྱིས་ཡུལ་དེའི་ཚྭ་ལ་བརྟེན་ནས་འཚོ་ཐབས་བྱས་པས་ཡུལ་དེ་རིམ་གྱིས་ས་ཚུགས་གཙོ་བོ་ཞིག་ཏུ་གྱུར་པ་རེད།
         བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཡུང་དྲུང་ཟླ་བས་གནའ་བོའི་ཚྭ་ཞིང་ཁོར་ཡུག་བཅོས་སྒྲིག་ལས་གྲྭར་མ་དངུལ་འབོར་ཆེན་བཏང་ཞིང་། ལས་གྲྭའི་ནང་གཞི་ཁྱོན་ཆེན་པོའི་ས་གཤིས་གནོད་འཚེ་བཅོས་སྒྲིག་དང་ཚྭ་ཞིང་ཚྭ་རྫིང་ཉམས་བཟོ་སོགས་ཚུད་ཡོད། ཆེད་ལས་ཉམས་བཟོ་ཚོགས་པས་བརྒྱུད་རིམ་ཧྲིལ་པོའི་ཁྲོད“རིག་དངོས་ཀྱི་གདོད་མའི་རྣམ་པ་མི་འགྱུར་བའི”རྩ་དོན་ལག་ལེན་ནན་པོར་བསྟར་ནས་གནའ་བོའི་ཚྭ་ཞིང་གི་དེ་སྔའི་རྣམ་པ་བསྐྱར་གསོ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་གདོད་མའི་ཡུལ་ཐབས་སྤྱད་དེ་བཟོས་པའི་ཚྭ་ལ་ཁྲོམ་ར་ཡག་པོ་མེད་ཀྱང་། བོད་ཀྱི་ཁྲོན་ཚྭ་སྐམ་བཟོ་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་། གནའ་བོའི་ཚྭ་ཞིང་དེ་དག་རྒྱལ་ཁབ་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པར་བདམས་རྐྱེན་ས་གནས་དེ་གའི་གྲོང་མི་ཚོས་སོ་སོའི་སྒོ་ཁའི“ནོར་བུ་རྙིང་པ”དེ་དག་ལ་སྔར་བས་གཅེས་སྤྲས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།