འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པས་དགའ་པོ་བྱེད་པའི་གྲོང་གསེབ་ཀྱི་རིགས་གཅིག་མཁས་ཅན། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཕ་ཡུལ་གཅིག་པ་བའི་ངོས་ནས་བལྟས་ན་ཧྲན་ཤིས་ཞིང་ཆེན་ཁྲང་ཀྲེ་གྲོང་ཁྱེར་ཝུའུ་ཤང་རྫོང་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་ས་ཚིགས་ཀྱི་ཀྲན་ཀྲང་ལས་རོགས་བཟོ་བཀོད་པ་ལི་གཡོད་ཝུན་ནི་ཞིང་འཕྲུལ་རིགས་གཅིག་མཁས་ཅན་ཞིག་རེད། གཞུང་ལས་ཁང་གི་སྒྲོག་ཙེའི་སྟེང་ཆེད་ལས་དཔེ་དེབ་མཐུག་པོས་སྤུངས་ཡོད་ལ་ཤུག་ལྕོག་ནང་འཕྲུལ་ཆས་ཀྱི་ལག་ཆ་སྣ་ཚོགས་བླུགས་ཡོད་པ་རེད། འཕྲུལ་ཆས་གསར་པར་སྙོམས་སྒྲིག་ཚོད་ལྟའི་སྒྲིག་སྦྱོར་དང་འཕྲུལ་ཆས་རྙིང་པ་ཉམས་བཟོ་དང་བདག་སྐྱོང་བྱེད་སྐབས་ལི་གཡོད་ཝུན་གྱིས་དུས་ཚོད་མགྱོགས་ཤོས་ནང་དཀའ་གནད་མཐའ་དག་སེལ་གྱི་ཡོད།
         ལི་གཡོད་ཝུན་གྱི་བཟའ་ཟླའི་ངོས་ནས་བལྟས་ན་ཁོང་ནི་མིང་དོན་མཚུངས་པའི“འདམ་བག་གི་མི”ཞིག་རེད། ཉིན་གང་ས་ཞིང་དང་ཞིང་ལས་འཕྲུལ་ཆས་དང་འབྲེལ་བ་བྱས་ནས་བསྡད་དེ་ཁྱིམ་དུ་ལོག་སྐབས་མགོ་ནས་རྐང་པ་བར་འདམ་བག་འཚོས་ནས་ཡོང་གི་ཡོད།
         ཡིན་ནའང་ལི་གཡོད་ཝུན་སོ་སོས་རང་ཉིད་ནི་ཞིང་ལས་འཕྲུལ་ཆས་ཉམས་བཟོ་བྱེད་མཁན་དཀྱུས་མ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལོ་སུམ་ཅུ་ལྷག་ཙམ་རིང་ལས་གནས་བརྟན་སྲུང་བྱེད་དོན་ནི་ཐོག་མར“ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་ཕ་ཡུལ་གྱི་མི་སེར་ཚོའི་ཁུར་པོ་ཡང་དུ་གཏོང་རྒྱུའི”བསམ་འདུན་བཅངས་པས་རེད།
         རྫོང་དེའི་ཞིང་དང་མུ་ཁར་བསྐྱོད་དེ་ཞིང་པར་སྤྱོད་གོ་ཆོད་ཤོས་ཀྱི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་གཏོང་རྒྱུའི་སེམས་ཐག་བཅད།
         1982ལོར་ལི་གཡོད་ཝུན་ཧྲན་ཤིས་ཤར་ལྷོ་ས་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཅན་སློབ་གླིང་ནས་ཐོན་ཏེ་ཀུང་ཧྲེར་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་བྱེད་པར་ལས་བགོས་བརྒྱབ་ཀྱང་། ཁོང་གིས་གོ་སྐབས་བཟང་པོ་དེ་དོར་ནས་ཀུང་ཧྲེའི་ཞིང་ལས་འཕྲུལ་ཆས་དོ་དམ་པ་བྱ་རྒྱུའི་རེ་བ་བཏོན།
         ལོ་ངོ་30ལྷག་ཙམ་འདས་ཟིན་པ་དང་སྐབས་དེར་ལོ་ན་ཆུང་བའི་ལི་གཡོད་ཝུན་ད་ཆ་ལོ་ན་རྒས་ཀྱང་། ཞིང་ལས་འཕྲུལ་ཆས་ལ་དགའ་ཞེན་བྱེད་པའི་བསམ་བློར་འགྱུར་ལྡོག་གཏན་ནས་བྱུང་མེད། ལི་གཡོད་ཝུན་གྱིས་ལས་ཀ་སྒྲུབ་རིང་ཐོག་མཐའ་བར་གསུམ་དུ་རྩ་དོན་གཉིས་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་སྟེ། གཅིག་ནི་རྫོང་དེའི་ལུང་གཞུང་ཚང་མར་བསྐྱོད་རྒྱུ་དེ་ཡིན་ཞིང་། “ས་བབ་དང་ས་རྒྱུའི་ཁྱད་པར་གྱིས་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་འདོན་སྤེལ་ཐད་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ཞིབ་ཕྲ་ཤེས་རྟོགས་ཐུབ་ཚེ། གཞི་ནས་ཞིང་ལས་འཕྲུལ་ཆས་དུ་སྤྱོད་གོ་ཆོད་ཤོས་ཞིང་པར་ཁྱབ་གདལ་གཏོང་ཐུབ”ཅེས་ཁོང་གིས་བཤད།
         གཉིས་ནི་རང་ཉིད་ངོ་མས་ལག་པ་འགུལ་ནས་འཕྲུལ་ཆས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ནི་ལི་གཡོད་ཝུན་གྱིས་ཤོད་མང་ཤོས་ཀྱི་སྐད་ཆ་ཞིག་རེད། ལག་རྩལ་གསར་པ་ནང་འདྲེན་དང་ཚོད་ལྟ་ནས་དཔེ་སྟོན་བར་ཁོང་རང་ཉིད་ཀྱིས་སྔོན་ལ་ནང་སྦྱོང་ཐེངས་རེ་བྱས་ནས་དེའི་ཐད་ཀྱི་རིགས་པའི་གཞུང་ལུགས་རྟོགས་པར་བྱེད་ཀྱི་ཡོད། ཞིང་ལས་འཕྲུལ་ཆས་གཏོང་མཁན་གྱིས་བཀོལ་སྤྱོད་བྱེད་སྐབས་ཁོང་གིས་འཕྲུལ་འཁོར་དང་མཉམ་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་བཀོད་འདོམས་བྱེད་ཀྱི་ཡོད། “ཞིང་འཕྲུལ་མི་སྣས་ཞིང་པར་འཕྲུལ་འཁོར་གཏོང་སྟངས་སློབ་དགོས་པ་མ་ཟད། རིགས་པའི་གཞུང་ལུགས་འགྲེལ་བཤད་གསལ་པོ་རྒྱག་དགོས་ལ། དེ་བས་དཔེ་སྟོན་ཇི་མ་ཇི་བཞིན་བྱེད་ཐུབ་ཚེ། གཞི་ནས་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་ཆེ་ཤོས་འདོན་སྤེལ་ཐུབ”ཅེས་ཁོང་གིས་བཤད། ལི་གཡོད་ཝུན་གྱིས་དུས་ཚོད་དམ་འཛིན་གྱིས་ཚན་རིག་ཁྱབ་གདལ་གཏོང་བ་དང་། དྲིལ་བསྒྲགས། གསོ་སྦྱོང་། དཀའ་གནད་སེལ་བ་བཅས་བྱས་ནས་ཞིང་པས་བེད་སྤྱོད་བྱང་ཆུབ་པ་གཏོང་ཤེས་ཚེ། གཞི་ནས་བློ་བདེ་པོ་བྱེད་ཀྱི་ཡོད།
         ས་ཞིང་ལས་ཞིང་འཕྲུལ་མི་སྣར་རིག་པ་རྙེད།
         ཝུའུ་ཤང་ཁུལ་དུ་རི་མ་ཐང་མང་བ་དང་ཐང་གཤོང་ཉུང་ཉུང་རེད། ཞིང་འཕྲུལ་ཆེ་གྲས་འགྲོ་བསྐྱོད་མི་ཐུབ་པ་དང་ཞིང་འཕྲུལ་ཆུང་གྲས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་འདོད་བྱེད་ཀྱི་མེད། ས་གནས་དེ་གར་འཚམ་པའི་ཞིང་འཕྲུལ་ཇི་ལྟར་བྱས་ཏེ་ལེགས་བཅོས་བྱ་རྒྱུ་ནི་ལི་གཡོད་ཝུན་ལ་འཕྲད་པའི་དཀའ་གནད་ཆེ་ཤོས་དེ་རེད།
         ལི་གཡོད་ཝུན་བློ་ཡིད་ཚིམ་ཤོས་ནི་ལོ་གསུམ་གྱི་དུས་ཚོད་ནང་ཁོང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕྲུལ་ཆས་ཅན་གྱི་ལྗང་བུ་གསེབ་བཀྲལ་འའདེབས་འཛུགས་ལག་རྩལ་དེ་རེད། ལི་གཡོད་ཝུན་གྱིས་སྔོན་ཆད་མི་སེར་ཚོས་ལྗང་བུ་ཚགས་མཐུག་པོ་འདེབས་འཛུགས་བྱེད་པ་དང་ཆར་ཆུ་ཉུང་བས་གསོན་ཚད་འགན་ལེན་ཆེད་ལྗང་པ་མང་དྲགས་པ་རྣམས་འགོག་དགོས་ཀྱི་ཡོད། ལས་ཀ་དེ་ལེགས་གྲུབ་བྱེད་པར་མུའུ་རེར་མི་གསུམ་བཞི་དགོས་ཀྱི་ཡོད། ལྗང་བུ་གསེབ་བཀྲལ་འདེབས་འཛུགས་ལག་རྩལ་སྤྱད་རྗེས་ངལ་རྩོལ་ནུས་ཤུགས་ཉུང་དུ་གཏོང་ཐུབ་པ་མ་ཟད། མུའུ་རེ་ནས་ས་བོན་སྤྱི་རྒྱ་0.3གྲོན་ཆུང་ཐུབ་ཅེས་འགྲེལ་བཤད་བརྒྱབ་ནས་བཤད།
         ལི་གཡོད་ཝུན་གྱི་ཐོག་མའི་བསམ་འདུན་རིམ་བཞིན་མངོན་འགྱུར་ཡོང་བཞིན་ཡོད། རི་ཁུལ་ཞིང་ལས་རྫོང་ཡིན་པའི་ཝུའུ་ཤང་གི་་ཞིང་ལས་འཕྲུལ་ཆས་ཅན་ལ་གྲུབ་འབྲས་ཆེན་པོ་ཐོན་པ་དང་། 1992ལོ་ནས་2014ལོ་བར་རྫོང་དེར་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་4.8ནས་ཆན་ཝ་ཁྲི་18.6བར་འཕེལ་རྒྱས་བྱུང་བ་དང་ལེ་ལག་ཚང་བའི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་676ནས་5901བར་མང་དུ་ཕྱིན་ཡོད་པ་རེད།
         ཞིང་ལས་འཕྲུལ་ཆས་ཀྱི་རིགས་གཅིག་མཁས་ཅན་དང་། བཟོ་བཀོད་པ། ཀྲན་ཀྲང་བཅས་ཡིན་པའི་ལི་གཡོད་ཝུན་ལ་ད་ཆ“རྒྱལ་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དཔེ་དམག་ཡག་ཤོས་བཅུའི”མཚན་སྙན་ཡང་ཐོབ་ཡོད། ཕྱི་མིས་བལྟས་ན་ལི་གཡོད་ཝུན་རིགས་གཅིག་མཁས་ཅན་ངོ་མ་ཞིག་རེད། འོན་ཀྱང་ལི་གཡོད་ཝུན་རང་ཉིད་ཀྱིས“ས་ཞིང་ལས་ཞིང་འཕྲུལ་མི་སྣར་རིག་པ་རྙེད། རང་ཉིད་ཞིང་པའི་ཁྲོད་ནས་ཡོང་བ་ཡིན་ལ་ཞིང་པའི་ཁྲོད་དུ་སླར་ཡང་བསྐྱོད་དེ་ཞིང་པས་དགའ་པོ་བྱེད་པའི་གྲོང་གསེབ་ཀྱི་མི་ཞིག”བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།